ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་བོད་མིའི་སྟེང་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་བཞིན་བོད་མིའི་ཁྲིམས་མཐུན་སྐུ་ཚབ་རྣམ་པ་དང་ལྷན། བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་རེ་སྐུལ་ཤུགས་ཆེ་གནང་འདུག
དེ་ཡང་ཐེངས་འདིར་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་སྤེལ་བའི་བསྒྲགས་གཏམ་འདི་བཞིན་བོད་མིའི་རང་དབང་སྒེར་ལངས་བྱུང་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་སྤེལ་གནང་བ་ཞིག་ཡིན་པ་དང་། བསྒྲགས་གཏམ་ནང་རྒྱ་ནག་གི་དྲག་གནོན་འོག་ད་ཆ་བོད་མིའི་ཆོས་དང་། ངོ་བོ། རིག་གཞུང་། སྐད་ཡིག་བཅས་འཚོ་གནས་ཐུབ་དང་མ་ཐུབ་ཉེན་ཁའི་གནས་སུ་ལྷུང་ཡོད་སྐོར་གསུང་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་འདིའི་འོག་ནས་འདས་པའི་ལོ་ཤས་ནས་བཟུང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ལ་བོད་མིའི་དཀའ་སྡུག་གསལ་འདོན་གནང་ཡོད་ཅེས་གསུང་ཞིང་། རྒྱའི་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་གནང་འདུག
ལྷག་པར་བསྒྲགས་གཏམ་འདིའི་ནང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱའི་དཀའ་ངལ་སེལ་དགོས་པའང་གསུང་འདུག བསྒྲགས་གཏམ་འདི་ལ་ད་ལྟའི་འཇར་མན་གཞུང་འཛིན་ཆབ་སྲིད་ཚོགས་པ་ཁག་ནས་རྒྱབ་སྐྱོར་གནང་ཡོད་པ་བཅས། །