ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་སྒེར་ལངས་རྔམ་སྟོན་བྱས་པའི་དུས་དྲན་ཐེངས་ ༦༠ དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྦོཌ་སྭ་ནའི་ Botswana ཡུལ་གྱི་སྲིད་འཛིན་ཟུར་པ་འབུམ་རམས་པ་སྐུ་ཞབས་ཨེ་ཡན་ཁ་མ་ Ian Khama མཆོག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤཱནཏ་ཀུ་མཱར་ Shanta Kumar མཆོག ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག གླིང་ཆེན་ཨ་ཕི་རི་ཀའི་ཀེན་ཡ་ Kenya ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་སིལ་ཝ་སི་ཨ་ན་མི་ Mr.Silverse Anami མཆོག དང་། དེ་བཞིན་འཇར་མ་ནི། Germany ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་བྷརནྜ་ Mr. Michael Brand མཆོག ཁེ་ན་ཌ་ Canda ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་གར་ནེ་ཌི་ཇི་ནེ་སི་ Mr. Garneti Genius མཆོག དང་། ལྕམ་སྐུ་ལིན་ཌ་ཌུང་ཀན་ Ms. Linda Duncan མཆོག སི་ལོ་ཝ་ཀི་ཡའི་ Silovakia ནས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལུ་ཤི་ཡ་ཌུ་རི་སི་ནི་ཀོལ་སོ་ནོ་ཝ་ Ms. Lucia Duris Nicholsonova མཆོག་དང་མར་ཊིན་པོ་ལི་ཡ་ཅིག་ Mr.Martin Poliacik མཆོག ཨི་ཊ་ལིའི་ Italy གྲོས་ཚོགས་འཐུས་མི་ཨེ་ན་ཏོ་ལ་ཨིན་ཅར་ཏི་ Ms. Antonella Incerti མཆོག ལྷོ་ཨ་མི་རི་ཀའི་གླིང་ཆེན་གྱི་པེ་རུ་ Peru ནས་སྐུ་ཞབས་ Mr. Albeto de Belaunde མཆོག ཨུ་རུ་སུ། Russia ནས་སྐུ་ཞབས་ Mr. Mikhail Mutulov མཆོག ལྷོ་ཨ་ཕི་རི་ཀ་ South Africa ནས་ལྕམ་སྐུ་སེན་ཌི་ཀལ་ཡཱན་ Ms. Sandy Kalyan མཆོག ཐེ་ཝན་ Taiwan ནས་ལྕམ་སྐུ་མེ་ནུ་ཡུ་ Ms. Mei Nu Yu མཆོག
དེ་བཞིན་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡུ་རོབ་ཁུལ་དུ་གནས་སྡོད་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་སྐམ་ས་བཅས་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་རིགས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་གྱི་རྒྱལ་གླུ་བཏང་།
དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བཏང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་བསྟུན། གསུང་བཤད་གནང་དོན། དེ་རིང་གསུམ་བཅུའི་དུས་དྲན་ཐེངས་ ༦༠ དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་ཕེབས་པའི་སྐུ་མགྲོན་གཙོ་བོ་སྦོཌ་སྭ་ནའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་འབུམ་རམས་པ་ཨེ་ཡན་ཁ་མ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ་འདིར་ཆེད་མངགས་ཕེབས་པར་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་དེ་རིང་འདིར་ཕེབས་པར་གཞིས་བཞུགས་བོད་མི་ཚོར་རེ་བའི་བརྡ་ལན་བཟང་པོ་ཞིག་སྤྲད་རྒྱུ་དང་། རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་མངོན་ཐུབ། དེར་བརྟེན་ངས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤཱན་ཏ་ཀུ་མར་མཆོག་གིས་རྒྱལ་སྤྱིའི་ཁྱོན་ནས་གྲོས་ཚོགས་འཐུས་མི་རྣམ་པ་དང་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ་གྲགས་ཅན་ཡོངས་ལ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་པར་དགའ་བསུ་དང་སྦྲགས་གསུང་དོན། རྒྱ་གར་སྲོལ་རྒྱུན་ཧིན་དུའི་རིག་བྱེད་པའི་གཞུང་ནང་འཇིག་རྟེན་ཡོངས་རྫོགས་ཁྱིམ་ཚང་གཅིག་ཡིན། ཞེས་གསུང་པ་ལྟར། ཕྲན་རང་ཉིད་རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་ཡིན་སྟབས་འབོད་སྐུལ་ཞིག་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གི་དྲག་གནོན་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་འབྱོལ་དུ་ཕེབས་དགོས་བྱུང་ཡོད། ད་ཆ་བཞུགས་སྒར་རྡ་ས་དེ་བཞིན་འཛམ་གླིང་ཡོངས་སུ་ཆོས་ཀྱི་གནས་ཆེན་ཞིག་ཆགས་ཐུབ་པ་ནི་གཙོ་ཆེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཡིན། ངའི་རེ་བར་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཞིག་མགྱོགས་ནས་མྱུར་དུ་འཆར་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་གཙང་མ་ཞུ་བཞིན་ཡོད། ཅེས་སོགས་གསུངས་།
དེ་རྗེས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་དེ་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ད་ཐེངས་ ༦༠ ཆགས་ཡོད། ང་ཚོ་འདིར་བཅར་དགོས་དོན་ནི། གཞིས་བཞུགས་བོད་མི་ཡོངས་ལ་རྒྱབ་སྐྱོར་གཡོ་བ་མེད་པ་དང་། གདུང་སེམས་མཉམ་སྐྱེ་མཚོན་སླད་འདིར་ཡོང་བ་ཡིན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོའི་ཐོབ་ཐང་རྩོད་བཞིན་ཡོད། ཅེས་དང་། ཡུ་རོབ་གྲོས་ཚོགས་ནང་ད་བར་བོད་དོན་ལས་འགུལ་ཇིི་ཙམ་སྤེལ་ཡིན་སྐོར་སོགས་གསུངས།
དེ་རྗེས་སླར་ཡང་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཚོགས་མི་སྐུ་ཞབས་མེ་ཤལ་བྷ་རནྜ་མཆོག་གིས་དེ་རིང་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་བཅར་རྒྱུ་དང་། སྐད་ཆ་ཤོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་རྩ་དོན་དང་། གཞིས་བཞུགས་བོད་མི་ཡོངས་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད། ང་ཚོ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་སོགས་གསུངས།
དེ་ནས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཨེ་ན་ཏོ་ལ་ཨིན་ཅར་ཏི་མཆོག་གིས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་བ་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ནི་འགྲོ་བ་མི་རིགས་ཀུན་ལ་ཕན་པའི་རིག་གཞུང་ཡིན་པ་དང་། རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པར་སློར་གསོའི་འཐབ་རྩོད་གནང་བཞིན་ཡོད་སྐོར་གསུངས། དེ་རྗེས་སི་ལོ་ཝ་ཀི་ཡའི་ནས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལུ་ཤི་ཡ་ཌུ་རི་སི་ནི་ཀོལ་སོ་ནོ་ཝ་མཆོག་གིས་གསུང་བཤད་གནང་།
དེ་རྗེས་སླར་ཡང་ཁེ་ན་ཌ་ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་གར་ནེ་ཌི་ཇི་ནེ་སི་མཆོག་དང་། ལྷོ་ཨ་མི་རི་ཀའི་གླིང་ཆེན་གྱི་པེ་རུ་ནས་སྐུ་ཞབས་ Mr. Albeto de Belaunde མཆོག ཐེ་ཝན་ནས་ལྕམ་སྐུ་མེ་ནུ་ཡུ་མཆོག ལྷོ་ཨ་ཕི་རི་ཀ་ནས་ལྕམ་སྐུ་སེན་ཌི་ཀལ་ཡཱན་མཆོག དེ་བཞིན་རྒྱ་རིགས་ཀྱི་སྐུ་ཚབ་སྐུ་ཞབས་ཡང་ཅེ་ལིན་མཆོག་བཅས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་སྐོར་དང་།
བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་འཛམ་གླིང་གི་གནད་དོན་གལ་ཆེན་པོ་ཞིག་ཆགས་བཞིན་ཡོད་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨེན་ཁ་མ་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས། །