ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་ཟུར་རྒྱ་རི་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་མཆོག་སྐུ་བསྙུངས་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ལ་ཨ་རིའི་སྨན་ཁང་དུ་དགུང་གྲངས་ ༧༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དམ་པ་ཁོང་ནི་ཡབ་རྒྱ་རི་ཉི་མ་རྒྱལ་མཚན་གྱི་བཟའ་ཟླ་ནོར་འཛིན་ལྷ་མོ་དང་རྡོ་རྗེ་གཡུ་སྒྲོན་གཉིས་ལས་རྒན་པ་ཡུམ་ནོར་འཛིན་ལྷ་མོའི་སྲས་སུ་ཕྱི་ལོ་ ༡༩༤༨ ལོར་མདོ་སྟོད་ཉག་རོང་རྒྱ་རི་ཚང་དུ་སྐུ་འཁྲུངས། ཁོང་འཇམ་དབྱངས་མཁྱེན་བརྩེ་མཁྱེན་རྒན་མ་མཆོག་དང་སྨིན་གླིང་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ནས་འཇམ་དཔལ་བདེ་བའི་ཉི་མའམ་ཡོངས་གྲགས་སུ་མཁན་པོ་ཨ་བརྟན་གྱི་ཡང་སྲིད་སྐྱེ་སྤྲུལ་དུ་ངོས་འཛིན་གནང་སྟེ་ཁྲི་གསོལ་ཞུས། སྐུ་ཆུང་དུས་ནས་བོད་ཡིག་འབྲི་ཀློག་དང་ནང་ཆོས་སློབ་གཉེར་གནང་།
རྒྱ་ནག་གི་བཙན་འཛུལ་དྲག་གནོན་མི་བཟད་པ་བྱུང་སྟབས། ཉག་རོང་ནས་ཕེབས་ཐོན་གྱིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། ལོ་ཤས་རིང་ཨིན་ཇིའི་སྐད་ཡིག་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༤ ལོར་རྡོར་གླིང་དུ་བོད་མིའི་རང་དབང་སྲུང་སྐྱོབ་གསར་ཁང་ནང་ཕབ་སྒྱུར་གྱི་ཕྱག་ལས་དང་། དེ་ནས་རིམ་བཞིན་གསར་ཁང་གི་འགན་འཛིན་གནང་། དེ་མཚུངས་བོད་དོན་སྐོར་ཨིན་སྐད་གསར་འཕྲིན་ཐོག་མ་བོད་ཀྱི་འབོད་སྒྲ་ Voice of Tibet ཞེས་པ་འདོན་སྤེལ་གནང་བའི་རྗེས་སུ་བོད་གནས་བསྐྱར་ཞིབ་ Tibetan Review ཅེས་པ་དེ་ཡིན། དེ་རྗེས་ཕྱི་ལོ་ ༡༩༦༩ ནས་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ཐོག་མར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་གཞོན་དང་། བཀའ་དྲུང་ཡིག་ཚང་། བྷོ་པལ་ Bhopal ཤོག་བཟོའི་འགན་འཛིན་དང་ཆབ་སྲིད་ཉམས་ཞིབ་ཀྱི་འགན་འཛིན་སོགས་ཀྱི་ཕྱག་ལས་གནང་། བར་སྐབས་ཤིག་ལ་རང་དབང་གསར་ཤོག་གི་རྩོམ་སྒྲིག་པ་དང་ཨིན་ཡིག་བོད་གནས་བསྐྱར་ཞིབ་གཉིས་ཀྱི་རྩོམ་སྒྲིག་པའང་གནང་མྱོང་ཡོད།
ཕྱི་ལོ་ ༡༩༧༠ ལོར་སྐབས་དེའི་ཤེས་རིག་བཀའ་བློན་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས། ཨ་རི་དོན་གཅོད་བསྟན་འཛིན་རྣམ་རྒྱལ་ལགས་བཅས་ཀྱི་ལྷན་བོད་རིགས་གཞོན་ནུ་ལྷན་ཚོགས་གསར་འཛུགས་གནང་མཁན་ཚོགས་སྐོང་འགན་འཛིན་དང་། དེ་རྗེས་ཚོགས་གཙོ་ཡང་གནང་ཞིང་། ཟུང་སྦྲེལ་ཚོགས་ཆུང་གི་ལས་འགུལ་སྐབས་གཞོན་ནུའི་དབུས་རྒྱུན་ལས་སྐུ་ཚབ་ཚོགས་མིའི་འགན་འཁུར་བཅས་གནང་། དེ་བཞིན་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་གོང་མཐོར་སྤེལ་ཆེད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུའི་མཚོན་རྒྱ་གར་གྱི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་བཙུགས་གནང་ཡོད། ཕྱི་ལོ་ ༡༩༧༨ ལོར་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གིས་མཛད་ཁུར་བཞེས།
དེ་རྗེས་གནས་སྐབས་རིང་གཞུང་ཞབས་ནས་དགོངས་ཞུ་གནང་ཡང་ཕྱི་ལོ་ ༡༩༧༩ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༡ བར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་དང་སྤྱི་འཐུས་ཚོགས་གཙོར་འདེམས་བསྐོ་བྱུང་དོན་ལྟར་ཚོགས་གཙོའི་ཐུགས་འགན་བཞེས་ཤིང་། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་ཚོགས་ཁང་གསར་རྒྱག་ཞུས་གནང་། ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལོ་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་པེ་ཅིང་དུ་གཏོང་གནང་མཛད་པའི་བོད་རྒྱ་གྲོས་མོལ་རྟོགས་ཞིབ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གཅིག་ཡིན་པ་དང་། ཕྱི་ལོ་ ༡༩༨༤ ལོར་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་དུ་བསྐོ་གཞག་དང་། དེ་བཞིན་ཕྱི་ལོ་ ༡༩༨༦ ལོར་བཀའ་བློན་ཕྱག་རོགས་སུ་བསྐོ་གཞག་གནང་བ་དང་། རིམ་བཞིན་ཤེས་རིག་བཀའ་བློན་དང་ཕྱི་དྲིལ་བཀའ་བློན་དུ་བསྐོ་གཞག་གནང་ཡོད།
ཕྱི་ལོ་ ༡༩༩༡ ལོ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚོགས་གཙོ་དང་། ཕྱི་ལོ་ ༡༩༩༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་གོང་མཐོར་གཏོང་སླད་འབད་བརྩོན་གནང་འབྲས་ཨ་རིའི་སྲིད་འཛིན་བཞི་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༸གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ Tibet Policy Act 2002 ཞེས་པའི་ཁྲིམས་ཡིག་ཞིག་བཞག་ཐུབ་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཡོང་བར་མཛད་འགན་གཙོ་བཞེས་ཀྱིས་གྲུབ་འབྲས་སོན་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་ཐེངས་ ༩ གནང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་མིའི་མངོན་འདོད་བཅས་རྒྱ་ནག་གཞུང་ལ་གསལ་བཟོ་གནང་ཐུབ་པའི་སྒོ་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་ལྷོད་མེད་གནང་ཡོད།
ཕྱི་ལོ་ ༢༠༡༢ ལོར་དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་གནང་ཡང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་མུ་མཐུད་བཞུགས་གནང་ཡོད། མདོར་ན། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཞིང་གཤེགས་ཁོང་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།