ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །བོད་མི་མང་དབུས་གཙང་སྤྱི་ཟུར་མངའ་རིས་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་མཆོག་དུས་ཐུང་བསྙུན་བཞེས་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ཉིན་སྔ་དྲོའི་ཆུ་ཚོད་ ༨།༡༨ ཐོག་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་དགུང་གྲངས་ ༨༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དམ་པ་ཁོང་ནི་ཡབ་སྲི་ཆོད་རྟ་མགྲིན་དང་ཡུམ་ཚེ་དབང་གཉིས་ཀྱི་སྲས་སུ་ས་ཡོས་ཕྱི་ལོ་ ༡༩༣༩ ལོར་མངའ་རིས་སྐོར་གསུམ་གྱི་ནང་མཚན་བྱང་འབྲོག་གཞུང་པ་མ་ཚན་དུ་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ནང་ནས་ཁོང་ནི་ཆེ་ཤོས་དེ་ཡིན་ལ། ཆུང་དུས་རང་ཡུལ་རང་དབང་རང་བཙན་གྱི་དུས་བཟང་ལ་བརྟེན་ཡབ་ཡུམ་གྱིས་གཟིགས་སྐྱོང་འོག་འཚར་ལོངས་དང་འབྲེལ་སྔར་སྲོལ་རང་ལུགས་ཡིག་རྩིས་སོགས་ལ་སློབ་གཉེར་དོ་བརྩོན་གང་ཡོང་གནང་། བོད་དུ་རྒྱ་དམར་བཙན་འཛུལ་དྲག་གནོན་དུས་འགྱུར་དབང་གིས་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མཚམས་ཐོག་མར་ཀུ་ལུར་ལམ་བཟོ་དང་། སྡོད་སྒར་དེའི་བརྒྱ་དཔོན་གྱི་ལས་འཁུར་ཞུ་མུར། ལམ་སྤྱི་སྐུ་ངོ་བྱམས་པ་ཕུན་ཚོགས་ལགས་དགོངས་པ་ཞུས་འཁྲོལ་གྱི་ལམ་སྤྱིའི་ལས་ཚབ་ཏུ་བསྐོ་གཞག་གནང་། སྐབས་དེར་བརྒྱ་དཔོན་དང་ལམ་སྤྱིའི་འགན་འཁུར་གཉིས་གཅིག་ལྕོགས་ཞུས། ཕྱི་ལོ་ ༡༩༧༢ ཟླ་ ༩ ཚེས་ ༥ ནས་ཕྱི་ལོ་ ༡༩༧༣ ཟླ་ ༨ ཚེས་ ༢༤ བར་ཀུ་ལུ་ཁུལ་གྱི་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་དངུལ་གཉེར་གྱི་འགན་འཁུར་ཞུས། ཕྱི་ལོ་ ༡༩༧༣ ཟླ་ ༡༡ ཚེས་ ༡༥ ནས་ཀུ་ལུ་ཁུལ་གྱི་ལམ་སྤྱི་ངོ་མར་བསྐོ་གཞག་སྩལ། ཕྱི་ལོ་ ༡༩༧༤ ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ལོ་ ༡༩༨༢ ཟླ་ ༡༡ ཚེས་ ༣༠ བར་ཁྱོན་ལོ་ངོ་ ༩ ཙམ་རིང་མའེ་སོར་ལུགས་བསམ་དང་། ཀོ་ལི་གྷལ་ས་གནས་སུ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་དངུལ་གཉེར། དྲུང་ཆེ། ཚོགས་གཙོ་བཅས་ཀྱི་འགན་འཁུར་མུ་མཐུད་ཞུས། དེ་རྗེས་རང་གཞུང་བཀའ་ཤག་ནས་ཕྱི་ལོ་ ༡༩༨༠ ཟླ་ ༤ ཚེས་ ༥ ཉིན་བཀོད་རྒྱ་ཕེབས་པ་བཞིན། བོད་ནང་གཞུང་འབྲེལ་གཟིགས་བསྐོར་ཐེངས་གཉིས་པའི་ཚོ་ཁག་གསུམ་པའི་མི་འགྲོའི་ཁོངས་བཅར་དགོས་ཕེབས་པ་བཀའ་དགོངས་དང་ལེན་ཞུས་རུང་། རྒྱ་ཕྱོགས་ནས་ཀ་ཀོར་བཤད་སྟབས་སྐུ་ཚབ་དངོས་ཕེབས་གནང་མ་ཐུབ། རང་གཞུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་དང་། དབུས་འདེམས་ལྷན་བཅས་ནས་ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༢༧།༢༨ འཁོད་བཀའ་རྒྱ་ཕེབས་གསལ། སྐབས་བརྒྱད་པའི་དབུས་གཙང་སྤྱི་འཐུས་སུ་བསྐོ་གཞག་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་ལས་འཁུར་ཞུ་རྒྱུར་དུས་བཅར་དགོས་ཕེབས་བཞིན་ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༡ བར་ལོ་ལྔའི་རིང་དབུས་གཙང་སྤྱི་འཐུས་ཀྱི་ལས་འཁུར་ཞུས། དེ་རྗེས་བཀའ་ཤག་གི་བཀའ་འབྲེལ་འོག་བོད་ཀྱི་དཔེ་མཛོད་ཁང་གི་བཀའ་བསྟན་གསུང་རབ་ཁང་དུ་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢༣ ནས་ ༢༠༠༦ ཟླ་ ༧ ཚེས་ ༡༥ བར་ལས་ཡུན་ལོ་ ༡༧ དང་། ཟླ་དྲུག་དང་ཉི་མ་བཅོ་ལྔའི་རིང་ལས་དོན་ཞབས་འདེགས་ཞུས།
བཀའ་ཡིག་ཡིག་མཛོད་ངེས་མེད་སྡེ་ཚན་ (དེང་སང་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་ཚན་པ་) ནས་འབོད་བསྐུལ་བྱུང་བ་ལྟར་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ བར་ལས་བཅར་ཞུས་ཏེ་ལོ་ལྔ་ཙམ་རིང་ལས་ཁུངས་ཁག་གི་ཕྱི་ལོ་ ༡༩༥༩ རྗེས་ཀྱི་ཡིག་རྙིང་འཇུག་སྣོད་སོ་སོའི་ནང་དོན་དབྱེ་གསེས་ཁ་ཤོག་དཀར་ཆག་བཟོ་འགོད་གནང་། དེ་རྗེས་དགུང་ནའི་བབས་ཀྱིས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་འདེགས་ལས་མཚམས་བཞག དེའི་རྗེས་སུའང་མུ་མཐུད་ལྷོད་བཞུགས་མ་གནང་བར་དུས་ཚོད་ཕྲན་བུ་ཡོད་ཚད་ལ་ “སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན།” ཞེས་པའི་ཕྱག་དེབ་གཅིག་ཀྱང་ལྗགས་རྩོམ་གནང་།
མདོར་ན། དམ་པ་ཁོང་ནི་བཙན་བྱོལ་བོད་གཞུང་མང་གཉིས་ལ་མི་ལོ་ ༤༩ རིང་ལྷག་བསམ་རྨ་མེད། ངལ་བ་དང་ལེན་དང་ལྗིད་མོ་ཕྲག་ཁུར་གྱིས་དུས་ཚོད་དང་ནུས་ཤུགས་ཡོད་ཚད་ཕུལ་ནས་མི་ཚེ་བཟང་མཐར་འཁྱོལ་བ་ཞིག་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཀྱང་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།