ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་གྲངས་ ༦༤ བོད་རབ་གནས་ས་ཁྱི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པ་སྟེ། བོད་ཟླ་ ༡༠ པའི་ཚེས་ ༡༡ དང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་གུ་རུ་པདྨའི་གནས་ཆེན་བལ་ཡུལ་ཡང་ལེ་ཤོད་དུ་ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་གསལ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་གདུང་གི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་འཕྲལ་དམ་པ་གང་ཉིད་ཀྱི་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་གྱི་འདུས་སྤྱི་དང་། སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་འདུས་སྤྱི་བཅས་ལ་ཐུགས་གསོའི་ཕྱག་བྲིས་འབུལ་ལམ་ཞུས་ཡོད་པ་མ་ཟད། འབྲེལ་ཡོད་ཡོངས་ལ་ཐུགས་གསོ་དང་། མཆོད་འབུལ་བཅས་ཞུ་སླད་སྐབས་དེའི་དཔལ་ལྡན་ཚོགས་གཙོ་མཆོག་བལ་ཡུལ་ཡང་ལེ་ཤོད་དུ་ཆེད་བཅར་ཞུས་གནང་ཡོད།
ཞིང་གཤེགས་དམ་པ་གང་ཉིད་ཕྱི་ལོ་ ༡༩༥༤ ལོར་མདོ་སྨད་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། ཡུམ་ཆོས་འཕགས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་ཟབ་རྒྱས་གནང་། དེ་རྗེས་སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམ་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་གསན་བསམ་དང་དབང་ལུང་ཁྲིད་གསུམ་སོགས་ཀྱི་ཐུགས་རྒྱུད་ཡོངས་སུ་གང་བར་མཛད།
ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། དེ་བཞིན་འཛམ་གླིང་ཤར་ནུབ་མང་པོར་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་གནང་ཡོད།
བོད་རབ་གནས་ས་ཁྱི་ལོ་བོད་ཟླ་ ༡༢ པའི་ཚེས་ ༨ ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པ་ཚོགས་སྐབས་དང་འབྲེལ་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། སྐུ་ཚབ་བཅས་ལྷན་འཛོམས་སར་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གོ་བསྡུར་ཐག་གཅོད་བྱུང་བར་རྙིང་མའི་མ་དགོན་ཆེན་པོ་དྲུག་ནས། དེ་ཡང་དང་པོ་ཀཿཐོག་དང་། དེ་རྗེས་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བསྟན་བདག་བླ་ཆེན་ཁག་རིམ་པས་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རེ་རེས་མོས་བཞེས་གནང་རྒྱུའི་ཐག་གཅོད་བྱུང་དོན་བཞིན། སྐབས་དེར་དཔལ་རྒྱལ་བ་ཀཿཐོག་པའི་བླ་ཆེན་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་གནས་ཞལ་བཞེས་ལེགས་ཐོབ་བྱུང་། བོད་རབ་གནས་ས་ཁྱི་ལོ་བོད་ཟླ་ ༡༢ པའི་ཚེས་ ༡༠ ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༦ ཉིན་གུ་རུ་རིན་པོ་ཆེའི་ཚེས་བཅུའི་དུས་བཟང་དང་བསྟུན་ཏེ་གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཞུས། དེ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུ་རྒྱུའི་སྐལ་བཟང་ཐོབ་སྟེ་གཟིགས་པ་ཆེན་པོས་དབྱུགས་དབྱུང་གཟེངས་བསྟོད་གནང་། སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཐུགས་འགན་བདག་གིར་བཞེས་ཀྱང་རིང་པོར་མ་སོང་བར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་ཞིང་མཆོག་གཞན་དུ་གཤེགས་པར་མཛད་པའི་ཚུལ་བསྟན།
སྐུ་འཚོ་བཞུགས་རིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མའི་བསྟན་པ་བཅས་ལ་རྨད་བྱུང་མཛད་འཕྲིན་བསྐྱངས་བ་དང་། དེ་བཞིན་སློབ་ཚོགས་ཀྱང་བགྲང་བར་མི་ནུས་པ་རྗེས་སུ་བཟུང་ནས་འདི་ཕྱིའི་ལམ་བཟང་གསལ་བར་མཛད་ཡོད། ༸སྐྱབས་རྗེ་ཞིང་གཤེགས་དམ་པ་གང་ཉིད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རླབས་ཆེན་གྱི་ཐུགས་ཁུར་ཆེན་པོ་བཞེས་གནང་བ་དང་། མདོར་ན་སྐུ་ཚེ་ཧྲིལ་པོ་མཁས་བཙུན་བཟང་གསུམ་གྱི་མཛད་པ་བསྐྱངས་ཤིང་མཚན་སྙན་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་རིས་སུ་མ་ཆད་པའི་གདུལ་བྱའི་དོན་མཛད་པ་སོགས་སྐྱེས་བུ་དམ་པའི་རང་རྟགས་ཁྱད་པར་ཅན་མངའ་བའི་སྐྱེས་མཆོག་ཅིག་ཏུ་གྱུར་ཡོད།
གྲོས་ཆོད།
༸སྐྱབས་རྗེ་བདེ་བར་གཤེགས་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གི་མཛད་འཕྲིན་དེ་དག་ལ་གུས་བཀུར་ཡི་རངས་དང་བཅས་ཆེ་བསྟོད་ཞུ་རྒྱུ་དང་། སྐྱེས་ཆེན་དམ་པ་དེ་ཉིད་དགོངས་པ་གཞན་དོན་དུ་གཤེགས་པ་འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པར་བརྟེན། ཞིང་གཤེགས་དམ་པའི་གདུལ་ཞིང་སྐྱོང་ཡུལ་སྤྱི་དང་། ཁྱད་པར་འབྲེལ་ཆགས་གྲྭ་ཚང་དང་། སློབ་ཚོགས། སྐུ་འཁོར་ལྟོས་བཅས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུ་རྒྱུ་དང་། སྐྱེས་ཆེན་དམ་པ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་འཁྲུལ་བྲལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།