༢༠༡༩ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ དམིགས་ཏེ་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེན་ཌིའོ་ཤིར་ Andrew Scheer མཆོག་གིས་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་དོན། དེ་རིང་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གསལ་བ་ལྟར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཆེད་སྐད་འབོད་སྒྲ་སྒྲོག་བཞིན་ཡོད། འདི་ལོ་ནི་བོད་མི་ཚོས་དྲང་བདེན་དང་འདྲ་མཉམ་གྱི་ཐོབ་ཐང་ཆེད་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད་པ་དང་། བོད་མིའི་ཆོད་སེམས་སྲ་བརྟན་རྒྱུན་སྐྱོང་ཐུབ་མིན་ཚོད་ལྟའི་དུས་ཚོད་ཅིག་ཀྱང་ཆགས་ཡོད།
ཁེ་ན་ཌའི་བོད་མི་ཚོས་རྒྱ་ནག་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་དེར་ངལ་བ་ཁྱད་གསད་ཀྱིས་གདོང་ལེན་གནང་བཞིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་བར་ངས་ངོས་འཛིན་ཞུ་རྒྱུ་ཡིན། སྲིད་བྱུས་འདིའི་འོག་འཁོན་འཛིན་སེལ་བའི་འཆམ་མཐུན་གྱི་ཁོར་ཡུག་ཞིག་སྐྲུན་ཐུབ། དེ་རིང་ངས་བོད་མི་ཚོ་དང་ལྷན་འདས་པའི་མི་ལོ་ ༦༠ རིང་བོད་དོན་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་ཕོ་མོ་རྣམས་ལ་ཆེ་མཐོང་ལྡན་པའི་ལམ་ནས་རྗེས་དྲན་ཞུ་རྒྱུ་ཡིན།
རྒྱལ་གཅེས་པ་ཁོང་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ནི་ང་ཚོའི་བློ་སྟོབས་འཕེལ་གཞི་ཡིན། འདི་ག་ཁེ་ན་ཌའི་རྙིང་ཞེན་རིང་ལུགས་ཀྱིས་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཆེད་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། ང་ཚོས་ཁེ་ན་ཌ་དང་འཛམ་གླིང་ས་གནས་གཞན་དུ་གནས་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་བཞིན་དུ། བོད་མི་ཚོའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །