༢༠༡༩ ཟླ་ ༣ ཟླ་ ༣ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀུ་མརཱ་སྭམི་ H.D Kumaraswamy མཆོག་སྔ་འགྱུར་རྙིང་མའི་མ་དགོན་རྣམ་གྲོལ་གླིང་དགོན་པ་དང་། བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ནས་ས་གནས་བོད་མི་ཚོར་འཚམསའདྲི་གནང་བ་མ་ཟད། བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གཟིགས་རྟོག་གནང་རྒྱུ་དང་། དགོས་མཁོས་རྣམ་ངེས་པར་བསྒྲུབ་ཐབས་ཆེད་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས།
བློན་ཆེན་མཆོག་ཐོག་མར་རྣམ་གྲོལ་གླིང་དགོན་པར་མཆོད་མཇལ་ཞུས། སྐབས་དེར་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་པ་དང་། དེའི་ཐོག་མཁན་ལས་ཟུར་རྣམས་དང་དགེ་བཙུན་ཁག་གཅིག ཕྱོགས་བཞུགས་སྤྱི་འཐུས་རྣམ་གཉིས། ལྷོ་སྤྱི། ལུགས་བདེ་ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ། སློབ་ཕྲུག་དང་མི་མང་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུ་སྐབས་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་རྔ་རོལ་དང་བཅས་སྤྱི་ཁྱབ་བློན་ཆེན་མཆོག་ལ་དགའ་བསུའི་འཚམས་འདྲི་གཟབ་རྒྱས་ཞུས་འདུག སྐབས་དེར་མེ་སོར་རྫོང་དཔོན་མཆོག་དང་ཉེན་རྟོག་འགོ་གཙོ་སོགས་ཀྱང་ལྷན་བཅར་ཞུས་འདུག
དེ་ཡང་ཐོག་མར་རྣམ་གྲོལ་གླིང་དགོན་པའི་མཁན་པོས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས་གྲུབ་མཚམས་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་མི་རྣམས་ནི་གཤིས་རྒྱུད་དུལ་ཞིང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཚགས་ཚུད་གནང་བཞིན་པའི་ལག་རྗེས་ལ་བསྔགས་བརྗོད་རྒྱ་ཆེ་གནང་འདུག ཕྱོགས་མཚུངས་ས་གནས་བོད་མི་རྣམས་ཀྱིས་བློན་ཆེན་མཆོག་ལ་ས་གནས་སུ་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་གནང་བར་བསྔགས་བརྗོད་ཡོད་སྐོར་གསུང་པ་དང་སྦྲགས། མངའ་སྡེའི་གཞུང་ནས་ས་གནས་བོད་མི་ཚོར་མཐུན་འགྱུར་རོགས་རམ་ཇི་འདྲ་ཞིག་གནང་དགོས་ཀྱང་གང་ཐུབ་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཡང་གསུངས།
སྤྱིར་བློན་ཆེན་མཆོག་ཐེངས་འདིར་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་དགོས་དོན་གཙོ་བོ་ནི་ས་གནས་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་དང་། བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཁག་གཟིགས་ཆེད་ཡིན་འདུག རྣམ་གྲོལ་གླིང་དགོན་པའི་ནང་གི་བྱེད་སྒོ་ཁག་ཡོངས་སུ་ལེགས་གྲུབ་མཚམས་སྤྱི་ཁྱབ་བློན་ཆེན་མཆོག་སེ་ར་ཐེག་ཆེན་གླིང་དགོན་པར་ཕེབས་འདུག
སྐབས་དེར་སེ་ར་བླ་སྤྱིའི་འདུ་ཁང་ནང་ཕེབས་བསུའི་མཛད་སྒོ་འཚོགས་སྐབས་སེ་ར་བྱེས་སྨད་གཉིས་ཀྱི་མཁན་བླ་སྤྲུལ་དང་། དགེ་བཤེས་སོགས་ཀྱིས་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་ཞུས་འདུག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་མངའ་སྡེའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་དང་སྦྲགས། སླད་ཀྱང་མུ་མཐུད་བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་རོགས་རམ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས།
ཕྱོགས་མཚུངས་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་མ་ཧཱ་དེ་བ་ Shri. K. Mahadeva མཆོག་གིས་ཐོག་མར་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས་རྗེས་ས་གནས་བོད་མི་རྣམས་ནི་ཡུལ་གྱི་ཁྲིམས་ལ་བརྩི་བཀུར་ཞུ་མཁན་ཡིན་པ་མ་ཟད། ས་གནས་ཡུལ་མི་རྣམས་དང་འགྲོགས་འདྲིས་བཟང་ཞིང་། དུས་རྟག་ཏུ་ངལ་རྩོལ་གནང་མཁན་གྱི་མི་རིགས་ཤིག་ཡིན་སྐོར་སོགས་བསྟོད་བསྔགས་རྒྱ་ཆེ་གནང་འདུག
དེ་ནས་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཐོག་མར་སེ་ར་དགོན་པའི་དགེ་འདུན་པ་རྣམས་ཀྱིས་བློན་ཆེན་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་དགྱེས་ཚོར་གནང་བ་དང་། ལྷག་པར་དགེ་འདུན་པ་ཚོས་མངའ་སྡེའི་གཞུང་མང་གཉིས་ཀྱི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་གནང་བར་ཐུགས་རྗེ་ཆེ་ཞུ་དང་། བོད་མི་བཙན་བྱོལ་བ་རྣམས་ས་གནས་སུ་ཕེབས་ནས་ལོ་ངོ་ ༦༠ འཁོར་བཞིན་པར་བརྟེན། ཀར་ན་ཊ་ཀ་མངའ་སྡེར་མཚོན་ན་བོད་མི་བཙན་བྱོལ་བ་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་མཚམས་རིམ་བཞིན་མངའ་སྡེའི་ནང་གཞི་ཚུགས་ནས་ད་ཆ་ལོ་ངོ་ ༦༠ འཁོར་བཞིན་ཡོད་སྟབས་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་པ་དང་།
ལྷག་པར་བློན་ཆེན་མཆོག་གིས་ན་ནིང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་ས་བྷེང་ལོར་ནང་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། མ་འོངས་པར་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་ཇི་འདྲ་ཞུ་དགོས་ཀྱང་མངའ་གཞུང་གིས་འབད་བརྩོན་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་འདུག གསུང་བཤད་ལེགས་པར་གྲུབ་མཚམས་སེ་ར་བླ་སྤྱི་དང་ལུགས་བདེ་ས་གནས་འགོ་འཛིན་བཅས་ཀྱིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་ཕྱག་རྟགས་ཕུལ།
ལྷོ་སྤྱིས་སྤྱི་ཁྱབ་བློན་ཆེན་མཆོག་དང་ཟུར་མཇལ་ཞུས་ནས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་གཅིག་སྙན་སྒྲོན་ཞུས་པ་དང་སྦྲགས། འབྱུང་འགྱུར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ལྔའི་ནང་མཐུན་འགྱུར་རོགས་རམ་སྔར་བཞིན་མུ་མཐུད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར་བློན་ཆེན་མཆོག་ནས་དེ་མཚུངས་འབད་བརྩོན་གང་ཡོད་གནང་རྒྱུ་ཡིན་སྐོར་གསུངས། མཛད་སྒོ་ལེགས་པར་གྲུབ་མཚམས་བློན་ཆེན་སྟོན་འཁོར་དང་བཅས་མེ་སོར་གྲོང་ཁྱེར་ཕྱོགས་སུ་ཕེབས་འདུག་པ་བཅས།།