ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ UN Human Rights Council ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་སྐབས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐྱོན་བརྗོད་གནང་བར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལེ་ཡུ་ཁྲེང་ Le Yucheng གིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་སྐྱོན་བརྗོད་དེ་ངོས་ལེན་བྱས་མེད་པ་རེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལེ་ཡུ་ཁྲེང་གིས་བོད་ནང་གི་བོད་མི་ཚོས་རང་དབང་དང་བདེ་སྐྱིད་ལོངས་སྤྱོད་གནང་གི་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་ཐོག་ང་ཚོས་སྨྲ་བརྗོད་ཀྱི་རང་དབང་དང་ཆོས་དད་རང་དབང་སོགས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཅེས་བརྗོད།
དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་སོང་ཡོད་པའི་སྐོར་བསྔགས་བརྗོད་བྱས། རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྒྱ་ནག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་ལྷན་ཚོགས་ China Association for Preservation and Development of Tibetan Culture ཞེས་པའི་སྐུ་ཚབ་བུད་མེད་ཅིག་གིས་འདས་པའི་ལོ་འགའི་རིང་རྒྱ་ནག་དབུས་གཞུང་དང་བོད་རང་སྐྱོང་ལྗོངས་གཞུང་གཉིས་མཉམ་འབྲེལ་ཐོག་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱིས་གོང་མཐོར་བཏང་ཡོད་ཅེས་བརྗོད། སྐབས་དེར་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས། UN Committee on the Elimination of Racial Discrimination རྒྱ་གཞུང་གིས་བོད་མིའི་སྐད་ཡིག་གི་རང་དབང་དང་། འགྲོ་འདུག་གི་རང་དབང་། མཐོང་མཆན་སྤྲོད་ཕྱོགས་སོགས་རྒྱ་རིགས་དང་གཅིག་པ་ལག་བསྟར་བྱེད་ཀྱི་མེད་པ་བརྗོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་ Human Rights Watch གི་འགན་འཛིན་འཇོན་John Fisher ལགས་ཀྱིས། རྒྱ་གཞུང་གིས་འཆར་ཅན་ལྟར་སྨྲ་བརྗོད་ཀྱི་རང་དབང་ཐོག་དྲག་གནོན་བྱེད་ཀྱི་ཡོད་པ་མ་ཟད། འགན་ཁུར་མེད་པའི་སྒོ་ནས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo ལགས་དང་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སོགས་འདས་གྲོངས་སུ་གྱུར་བར་ཐུགས་འཚབ་ཡོད་ཅེས་གསུང་།
སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དཀོན་མཆོག་སྒྲོལ་མ་ལགས་ཀྱིས། རྒྱལ་ཚོགས་ཀྱི་རྒྱ་ནག་གི་ལོ་རེའི་དུས་བཀག་བསྐྱར་ཞིབ་ Universal Periodic Review མ་ཚོགས་པའི་ཉིན་གཉིས་ཀྱི་གོང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༦ ཉིན་ལོ་ན་ ༢༣ ལ་སོན་པའི་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༣ གྱིས་བོད་ལ་རང་དབང་དགོས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་སྲེག་བཏང་ཡོད། ཅེས་དང་། གཞན་ཡང་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་རྒྱ་ནག་གི་ལོ་རེའི་དུས་བཀག་བསྐྱར་ཞིབ་དེ་བཞིན་ཕྱི་གསལ་ནང་གསལ་དགོས་པ་རེ་སྐུལ་ཞུས་པ་སོགས་ཀྱི་སྐོར་གསུངས།།