ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༨ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་འོག ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད། དེ་བཞིན་ཨ་རིའི་གཞུང་གི་ལས་བྱེད་དང་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྐུ་ཚབ་འཐུས་མི། ཨ་རི་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སོགས་ཁྱོན་མི་བརྒྱ་ཙམ་འདུ་འཛོམས་ཀྱིས་བོད་ཀྱི་ལོ་གསར་གྱི་དུས་ཆེན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཕེབས་ནས་མཛད་སྒོ་གོ་སྒྲིག་གནང་མཁན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ནས་ལོ་བསྟུས་མར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་དུས་སྟོན་མཛད་སྒོ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་གསུང་པ་མ་ཟད། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་ད་བར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་ཙམ་དུ་མ་ཟད།
ཆབ་སྲིད་ཚོགས་པ་ཐུན་མོང་ནས་གྲོས་ཆོད་དེ་དག་ལ་རྒྱབ་སྐྱོར་གནང་རྗེས་ཁྲིམས་སུ་གཏན་འབེབས་གནང་བ་ནི་དཔེར་ན། ཉེ་ལམ་བོད་ནང་འགྲོ་སྐྱོད་ཀྱི་རང་དབང་དགོས་པའི་གྲོས་ཆོད་དེར་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་མཚན་རྟགས་སྐྱོན་རྗེས་ཁྲིམས་སུ་གཏན་འབེབས་གནང་བ་དང་། དེ་བཞིན་ཨེ་ཤི་ཡ་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་གནང་བ་སོགས་ལ་ཐུགས་རྗེ་ཆེ་གསུངས། ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་བརྒྱུད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་དེ་དག་ལ་རྒྱ་ནག་གཞུང་གིས་ཆེད་མངགས་མཐོང་ཆུང་ཁྱད་གསོད་དང་། རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་རིག་གཞུང་དེ་དག་རིན་ཐང་ལྡན་པ་ཞིག་ཡིན་པར་ངོས་འཛིན་ཐོག་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད་སྐོར་སོགས་གསུངས།
སྐབས་དེར་ཨ་རིའི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་པེ་ཊིག་མུ་ཕེ་Patrick Murphy མཆོག་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་ཚོས་འཛམ་གླིང་ཁྱོན་དུ་ཨ་རིས་གཙོས་མི་གྲངས་ཧ་ཅང་མང་པོར་བཟང་སྤྱོད་ཀྱི་ཐོག་ནས་ཤུགས་རྐྱེན་ཆེན་པོ་བཟོས་པ་དང་། བོད་ནང་ལ་མཚོན་ན་བོད་མི་ཚོར་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་དཀའ་ངལ་ཧ་ཅང་མང་པོར་གདོང་ལེན་བྱས་དང་བྱེད་མུས་ཡིན་པར་བརྟེན། ཨ་རིའི་གཞུང་གིས་བོད་མིའི་མངོན་འདོད་སྤྱི་དང་ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ལས་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་སྐོར།
ལྷག་པར་ཁོང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གང་མྱོགས་ཡོང་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འཚེ་མེད་ཞི་བ་གྲོས་མོལ་གང་མགྱོགས་བསྐྱར་གསོ་གནང་བ་བརྒྱུད། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་རྒྱུར་དམིགས་ནས་ཨ་རིའི་གཞུང་གིས་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་མུས་ཡིན་སྐོར་གསུངས།
སྐབས་དེར་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་ཚོགས་པའི་ཚོགས་མི་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག་པ་བཅས།