༢༠༡༩ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ ཉིན་བོད་མིར་རོགས་དངུལ་གྲོས་ཆོད་ལ་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་མཚམས་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་མཚན་རྟགས་བཀོད་འདུག བོད་ནང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ཀྱིས་བོད་ཀྱི་ཆོས་རིག་འཛིན་སྐྱོང་དང་། ཤེས་ཡོན་ཡར་རྒྱས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ལས་གཞིར་དམིགས་ནས་རོགས་དངུལ་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་མི་ཚོར་རང་གི་ཐུན་མིན་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གཙོ་བོར་གྱུར་བའི་གཞིས་ཆགས་སྲ་བརྟན་ལ་དམིགས་ནས་རོགས་དངུལ་ཨ་སྒོར་ས་ཡ་དྲུག་གནང་གཏན་འཁེལ་འདུག
བོད་ནང་དུ་རོགས་དངུལ་དེས་བོད་མི་ཚོར་རང་ཁ་རང་གསོ་ཐུབ་ཐབས་སླད་དང་། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐུབ་ཐབས་ཆེད་ཡིན་འདུག་པ་ལས། བོད་ནང་དུ་ཕྱི་མི་གནས་སྤོ་བྱ་རྒྱུའི་ལས་གཞིར་དངུལ་དེ་དག་རྩ་བ་ནས་བདེ་སྤྱོད་གཏོང་མི་ཆོག་པ་མ་ཟད། བོད་རིགས་མིན་པ་བོད་ཀྱི་ས་ཁུལ་ཁག་ཏུ་གཏན་སྡོད་ལས་གཞི་དང་། དེ་བཞིན་བོད་མིར་བདག་པའི་ས་ཞིང་དང་རང་བྱུང་གཏེར་ཁ་བོད་རིགས་མིན་པ་ཚོར་མཁོ་སྤྲོད་བྱ་རྒྱུའི་ལས་གཞི་སོགས་ལ་རྩ་བ་ནས་བཏང་མི་ཆོག་པའི་བཀོད་ཁྱབ་བཏང་བ་མ་ཟད། རོགས་དངུལ་དེ་དག་འགྲོ་སོང་གཏོང་སྐབས་འབྲེལ་ཡོད་ཨ་རིའི་ལས་ཁུངས་ནས་དོ་ནན་དགོས་པའི་བཀོད་མངགས་གནང་འདུག དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་བོད་མིའི་འཛིན་སྐྱོང་དང་འབྲེལ་བའི་སྒྲིག་འཛུགས་དང་བསྟི་གནས་ཁང་གི་ལས་དོན་ཆེད་ཨ་སྒོར་ས་ཡ་གསུམ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ཐེངས་འདིར་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀྱིས་གཞིས་བྱེས་བོད་མི་རྣམས་ལ་མུ་མཐུད་དཔལ་འབྱོར་མཐུན་འགྱུར་གནང་བར་བཀའ་དྲིན་ཧ་ཅང་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་རྡོར་དབུ་དཀར་ཚང་ལགས་ཀྱིས་གསུང་དོན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ བར་ཨ་རིའི་གྲོས་ཚོགས་ཀྱི་ ༢༠༡༩ ལོའི་ལོ་འཁོར་སྔོན་རྩིས་སྒོ་རྒྱག་རྒྱུ་ཡིན་སྟབས། དེའི་སྔོན་ཚུད་ནས་གྲོས་ཚོགས་ནང་བོད་མིར་རོགས་དངུལ་གཏན་འབེབས་གནང་ཐུབ་པར་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་བྱུང་། ད་ཐེངས་རོགས་དངུལ་གཏན་འབེབས་གནང་བ་དེས་བོད་མིའི་སྤྱི་ཚོགས་ནང་ལས་འཆར་གལ་འགངས་ཆེ་བ་དེ་དག་འགོག་རྐྱེན་གངཡང་མེད་པར་མུ་མཐུད་འཕྲོ་རྣམས་མཇུག་སྐྱོང་ཐུབ་རྒྱུ་ཡིན་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་ལ་ཆེས་གལ་གནད་ཆེ་ཞིང་། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་ཕན་རླབས་རྒྱ་ཆེ་ཡོང་ངེས་པ་དང་། དེ་བརྒྱུད་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་བསྟི་གནས་ཁང་ཡུན་གནས་ཐུབ་ཅིང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་སྲ་བརྟན་རྒྱུན་སྐྱོང་དང་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཐུབ་རྒྱུར་ཡང་ཧ་ཅང་ཕན་ཐོགས་ཡོང་བར་གདོན་མི་ཟ། ད་བར་རོགས་དངུལ་གནང་བ་དེ་དག་གི་གྲུབ་འབྲས་གཡུར་དུ་བཟའ་བ་ནི་མིག་མཐོང་ལག་ཟིན་ཡིན་པ་ལྟར། སླད་ཀྱང་རོགས་དངུལ་དེ་དག་ཕྱི་གསལ་ནང་གསལ་དང་ཚུལ་མཐུན་ལམ་ནས་བེད་སྤྱོད་གཏོང་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས། །