ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྦར་སིལ་བོད་ཀྱི་དོན་གཅོད་ཁང་དང་སྦར་སིལ་སཱེན་ལུའི་གཙུག་ལག་ཆེན་མོའི་སློབ་ཕྲུག་ཚོགས་པ་ཀོན་ཀྲི་ནེན་ཀྲལ་ཞེས་པ་གཉིས་མཉམ་རུབ་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༠ ཉིན་གཙུག་ལག་ཆེན་མོའི་ནང་བོད་དང་འབྲེལ་བའི་ལས་རིམ་ཞིག་གནང་སོང་།
གཙུག་ལག་ཆེན་མོ་འདིར་ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༧ ཚོགས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུ་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད། ད་རེའི་ལས་རིམ་འདིའི་ཐོག་སྡེ་ཚན་གཉིས་དབྱེ་ཡོད་ཅིང་། དང་པོར་བོད་ཀྱི་གཞས་སྣ་ཁྲབ་སྟོན་དང་། གཉིས་པར་བོད་སྐོར་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་དེ་ཡིན།
དེ་ཡང་སྦེལ་ཇམ་བོད་རིགས་ཚོགས་པའི་ཤེས་རབ་སྣང་བྱེད་སློབ་གྲྭའི་གཞས་མ་རྣམས་ནས་གཞས་སྣ་ཨ་མདོའི་གཞས་དང་། མཉམ་གཞས། སྒྲ་བརྙན་ཞབས་བྲོ ཀོང་གཞས། ནང་མ་དང་རྣམ་ཐར་བཅས་གཟིགས་འབུལ་ཞུས།
ལས་རིམ་དང་པོ་དང་གཉིས་པའི་དབར་སློབ་ཕྲུག་རྣམ་པར་བོད་ཟས་འདེགས་འབུལ་ཞུས་ཤིང་། ཁོང་རྣམ་པས་བཞེས་མོག་གཉེས་པོ་གནང་བ་མ་ཟད། འགའ་རེས་མཉམ་འཁྱེར་ཡང་གནང་སོང་།
སྡེ་ཚན་གཉིས་པའི་ཐོག་ལ་སྐུ་ཞབས་ཇཱིལ་སྦར་ལི་རོ་ཨེ་མཆོག་གིས་འོད་དང་གྲིབ་མ་ཞེས་པའི་གློག་བརྙན་དེ་གཟིགས་འབུལ་ཞུས་ཡོད། གློག་བརྙན་དེ་ནི་ཁོང་གིས་བོད་ལ་ཕྱི་ལོ་ ༡༩༨༥ དང་ ༢༠༡༥ གཉིས་ལ་ཕེབས་པ་དེ་དབར་ལོ་ ༣༠ རིང་བོད་ནང་ཇི་ཙམ་འགྱུར་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་སྟོན་གནང་ཡོད།
དེ་ཡང་བརྒྱད་ཅུ་གྱ་གྲངས་ནང་བོད་ལ་དེ་སྔའི་བོད་ཀྱི་རིག་གཞུང་དང་གོམས་གཤིས་ཕྲན་བུ་ལྷག་པ་དེ་ད་ཆ་རྩ་མེད་དུ་ཕྱིན་པ་མ་ཟད། བོད་ཀྱི་སྔ་མོའི་སྡོད་ལུགས་ཤུལ་ལྷག་མེད་པ་དེའི་ཚབ་ཏུ་དེང་སྐབས་ཁང་སྟོང་ཐོག་བརྩེགས་མང་བའི་གྲོང་ཁྱེར་མི་མེད་ལུང་སྟོང་དུ་གྱུར་ཡོད་པ་སོགས་ཀྱི་དེང་སྐབས་བོད་ནང་གི་བཙན་གནོན་དམ་དྲག་འོག་གནས་པའི་བོད་ཀྱི་དངོས་ཡོད་གནས་ཚུལ་སྟོན་ཡོད།
མཐར་སློབ་ཕྲུག་རྣམས་ནས་ཐུགས་སྣང་ཆེན་མོའི་ཐོག་ནས་བཏང་གནང་བའི་དྲི་བ་ཁག་ལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ལན་འདེབས་འཚམས་ཤིང་གསལ་པོར་སྐྱོན་གནང་ཡོད་པ་བཅས། །