ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཆེད་དད་འདུན་གཡོ་བ་མེད་པའི་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག རྒྱལ་རོང་གཞིས་བྱེས་མི་མང་ཐུན་མོང་། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་བོད་ཀྱི་གསོ་རིག་སྨན་ཁང་བཅས་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་བཀའ་བཞེས་ཟབ་མོ་སྨིན་སྩལ་བྱུང་བ་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༧ གཟའ་ལྷག་པ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཀར་གཙང་མཇལ་དར་རྐྱང་འབུལ་ཞུས་པ་དང་སྦྲགས་སྐུ་བཅར་རྣམ་གྲྭ་དབུ་མཛད་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་རྗེས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་། དེ་ནས་དབུ་བཞུགས་རྡོ་རྗེ་སློབ་དཔོན་དང་ཤེས་རིག་ལས་ཁུངས། ཚོགས་སྡེ་ཁག་གི་འཐུས་ཚབ་བཅས་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་གིས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་གསུང་ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་བཅས་རིམ་པར་ཕུལ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག རྒྱལ་རོང་གཞིས་བྱེས་མི་མང་ཐུན་མོང་། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་བོད་ཀྱི་གསོ་རིག་སྨན་ཁང་བཅས་ནས་བརྟན་བཞུགས་བསྟར་གནང་བ་འདི་ལྟར་རེད།
བོད་ལོ་སྟོང་ཕྲག་ལྷག་གི་རིང་བོ
མངའ་བདག་ཁྲི་རལ་གྲོངས་པའི་རྗེས་
དབུས་སྐད་ལབ་ན་འགྲིག ཨ་མདོའི་སྐད་ལབ་ན་འགྲིག ཁམས་སྐད་ལབ་ན་འགྲིག སྟོད་པའི་སྐད་ལབ་ན་འགྲིག སྒྲ་གདངས་ཁྱད་པར་ཕྲན་བུ་མི་འདྲ་
སྔ་མོ་རྒྱ་གར་གྱི་མཁས་པའི་གཞུང་
དེར་བརྟེན་བོད་པའི་ཡི་གེ་དེ་ལེགས་སྦྱར་དང་ཏག་ཏག་འགྲོ་ཐུབ་མཁན་ཧ་ཅང་ཕྱུག་པོ་ཆགས་པ་རེད། མཁན་ཆེན་ཞི་བ་འཚོ་ཕེབས་ནས་བོད་ཡིག་ནང་ཚུར་བསྒྱུར་རྒྱུ་འགོ་མ་བཙུགས་གོང་ཆོས་རྒྱལ་སྲོང་བཙན་སྐབས་ནས་བོད་པའི་ཡི་གེ་ཡོད་ཀྱང་དེ་འདྲའི་ཡར་རྒྱས་ཆེན་པོ་ཕལ་ཆེར་ཡོད་ས་མ་རེད། ཟ་སྐད་འཐུང་སྐད་ལྟ་བུ་སྤྱིར་བཏང་མ་གཏོགས་ཡོད་ས་མ་རེད། མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་གཞི་ནས་ལེགས་སྦྱར་ནང་ཡོད་པ་དེ་དག་བོད་སྐད་ནང་ཚུར་བསྒྱུར་རྒྱུ་འགོ་བཙུགས་ནས་བོད་ཡིག་ནང་ནཱ་ལེནྡྲའི་རིག་གནས་ཆེ་ཆུང་དེ་ཚོའི་གྲས་བོད་ཡིག་ནང་མིང་ཚིག་གསར་པ་རིམ་བཞིན་བཟོས་པ་ཞིག་ཆགས་ཡོད། དེར་བརྟེན་ད་ལྟའི་སྐབས་ལ་སྔར་གྱི་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་རིག་གནས་གཙོ་ཆེ་བ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་ཚོའི་གྲས་བོད་ཡིག་ནང་ཆ་ཚང་བཤད་ཐུབ་པ་ཞིག་དང་ངོ་སྤྲོད་བྱེད་ཐུབ་པ་ཞིག་འདུག
སེམས་ཁམས་རིག་པ་དང་ཚད་མ་རིག་པའི་སྐོར་བཤད་དགོས་བྱུང་ན། དེང་སྐབས་བོད་སྐད་ཁོ་ན་རེད་མ་གཏོགས་ལགས་སྦྱར་སྐད་ནི་ནུབ་ཟིན་པ་ལྟ་བུ་རེད། དེ་མིན་སྐད་ཡིག་གཞན་ནང་ཁྱོན་ནས་མི་འདུག ངོས་ལ་ཉམས་མྱོང་ཡོད། ཚན་རིག་པ་དང་ལྷན་གོ་བསྡུར་བྱེད་པའི་སྐབས་སེམས་ཁམས་རིག་པ་དང་དེ་ཚོའི་གྲས་ནི་བོད་སྐད་ནང་ཧ་ཅང་ཕྱུག་པོ་ཡོད། ཨིན་ཇི་དང་ Modern Hindi སྐད་ནང་འདང་གི་མི་འདུག དེར་བརྟེན་སྔར་བོད་ཀྱི་རྒྱལ་བློན་དང་པཎ་གྲུབ་བྱང་ཆུབ་སེམས་པ་དེ་ཚོའི་གྲས་ཀྱིས་སྐུ་ལས་བསྐྱོན་ཏེ་བོད་པའི་རིག་གཞུང་འདི་ཧ་ལས་པ་བཟོ་འདུག དེང་སྐབས་ཀྱི་དུས་ཚོད་ལ་ཆ་བཞག་ན་འཛམ་གླིང་འདིའི་སྟེང་བོད་པའི་རིག་གཞུང་ཞེས་རྗོད་དུས་ཤེས་མཁན་ཚོས་གཟེངས་སུ་ཐོན་པའི་དོ་སྣང་ཡོང་བ་ཞིག་ཆགས་འདུག བོད་པའི་སེམས་ཤུགས་དང་གཅིག་སྒྲིལ་ཡོང་རྒྱུའི་ཆ་རྐྱེན་གཙོ་བོ་ནི་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དང་། དེའི་ནང་ཡོད་པའི་བརྗོད་བྱ་དེ་དག་མདོ་དབུས་གཙད་སྟོད་ཚང་མར་ཡི་གེ་འདི་ཁྱབ་པའི་ཐོག་ནས་གཅིག་སྒྲིལ་ཡོང་བཞིན་འདུག དེ་དང་འབྲེལ་བའི་ཐོག་ནས་སེམས་ཤུགས་སླེབ་བཞིན་ཡོད།
ཤེས་རིག་ལས་ཁུངས་ཀྱི་ཡིག་ཆ་ནང་འཁོད་པ་བཞིན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ secular Ethics ཟེར་བ་འདི་ང་ཚོ་བོད་པའི་ཕྲུ་གུ་ཚོ་ཕ་མེས་ནས་ནང་པའི་ཆོས་ཆགས་ཡོད། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད།ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་རྒྱུ་འདི་ཆོས་མེད་མཁན་དང་ནང་པའི་གཞུང་ནང་གི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཚོའི་གྲས་ནང་པ་མིན་མཁན་ཚོར་སློབ་དུས་ནང་ཆོས་དང་འགྲེལ་ནས་བཤད་ཀྱི་མེད། ནང་ཆོས་དང་མ་འབྲེལ་བར་ academic subject རང་བྱས་ནས་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་བསླབ་རྒྱུ་ཡིན་སྟབས། འདི་ཆོས་དང་མ་འབྲེལ་བར་བཤད་དུས་secular ཞེས་པ་དེ་བཤད་ཀྱི་ཡོད་པ་རེད། ང་ཚོ་བོད་པའི་ཕྲུ་གུ་ཚོ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཞིག་ཡིན་པ་རེད། ཤེས་མ་ཤེས་གནས་ཚུལ་ཁ་ཁ་རེད་། བོད་པ་རེ་བཟུང་གནས་ཚུལ་ཐ་དད་རེད། སྤྱི་ཡོངས་ཆ་ནས་བོད་རང་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་དེ་རེད།
ངོས་ཀྱི་སློབ་གྲྭ་ཁག་གི་ཆོས་དགེ་ཞེས་པའི་མིང་དེ་བསྒྱུར་བ་བཏང་སྟེ་ལྟ་གྲུབ་དགེ་རྒན་ཟེར་དགོས་པའི་རྒྱུ་མཚན་ནི་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་རྒྱུ་ནི་སངས་རྒྱས་པའི་ལྟ་གྲུབ་རེད། ཁ་ཆེ་དང་ཧིན་དུ། ཡི་ཤུ། འཇིའུ་ཆོས་ཡིན་ནའང་རེད། སྨོན་ལམ་རྒྱག་རྒྱུ་དང་འདོན་པ་འདོན་རྒྱུ་ཆོས་ལུགས་ཚང་མར་འདུག མུ་སྟེགས་པ་ཧིན་དུའི་ནང་ཆོ་ག་འདོན་རྒྱུ་ཧ་ཅང་མང་པོ་འདུག སངས་རྒྱས་པའི་ཆོས་ནི་གཞན་དང་མི་འདྲ་བ་ཡོད་པ་ནི་ང་ཚོ་བོད་ལ་ཡོད་པ་སངས་རྒྱས་ཆོས་ནི་མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་པའི་ན་ལེནྡྲའི་ཆོས་བརྒྱུད་དེ་རེད། ན་ལེནྡྲའི་ཆོས་བརྒྱུད་ཀྱིས་ཁྱད་ཆོས་ག་རེ་ཐོག་ནས་སྟོན་གྱི་ཡོད་དམ་ཞེ་ན། པཱ་ལིའི་གཞུང་ནང་ཡོད་པའི་བདེན་པ་བཞི་དང་མི་རྟག་པ་བཅུ་དྲུག བྱང་ཕྱོགས་སོ་བདུན་དེ་ཚོའི་གྲས་པཱ་ལིའི་གཞུང་ནང་ཡོད། ང་ཚོ་ཐུན་མོང་རེད། མ་འདྲ་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དང་འབྲེལ་བའི་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་ས་ལམ་འབྲས་གསུམ་གསུང་བ་དེ་དག་ཐུན་མོང་མ་ཡིན་པ་ཆགས་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་མ་གཏོགས་མི་འདུག ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཙོ་བོ་རྒྱ་ནག་ལ་ཆ་བཞག་ན་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཅིག་པ་རེད། ན་ལེནྡྲ་ནས་མར་བརྒྱུད་པ་ཡིན་པ་གཅིག་པ་རེད། འོན་ཀྱང་རྒྱ་ནག་གི་ཆོས་བརྒྱུད་ནང་ཚད་མ་རིག་པར་དོ་སྣང་དེ་ཙམ་གནང་མི་འདུག ང་ཚོ་བོད་ལ་ཚད་མ་རིག་པར་དོ་སྣང་ཆེན་པོ་གནང་ཡོད། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མ་ཀུན་བཏུས་དང་། ཚད་མ་རྣམ་འགྲེལ་དེ་ཚོའི་གྲས་བོད་ཡིག་ནང་ཡོད་པ་རེད། རྒྱ་ཡིག་ནང་མེད། བོད་ཀྱི་སྔོན་མའི་མཁས་པ་ཚོ་ཚད་མར་ཐུགས་སྣང་གནང་བ་དཔེར་ན། ས་པཎ་ལ་ཆ་བཞག་ན་ཁོང་གིས་རང་རྩོམ་ཚད་མ་རིག་གཏེར་མཛད་པ་དེ་འདྲ་འདུག ཅེས་དང་།
གཞན་ཡང་མགོན་པོ་གང་ཉིད་ཀྱིས་མུ་མཐུད་བཀའ་སློབ་སྩལ་དོན། གང་ལྟར་ཁྱེད་རང་ཚོས་དེ་རིང་ལྷག་བསམ་རྩེ་གཅིག་གི་ཐོག་ནས་ཞབས་བརྟན་འབུལ་གནང་བ་རེད། གཞི་རྐང་ངོས་རང་ལོ་་༨༥ སྟེང་འགྲོ་ཡི་ཡོད་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཕལ་ཆེར་དགུང་ལོ་༨༤་་་༨༥ ཙམ་མ་གཏོགས་བཞུགས་མི་འདུག ༸རྒྱལ་དབང་སྐུ་གོང་མ་དེ་དག་གི་ནང་ནས་དགུང་ལོ་མཐོ་ཤོས་དང་སྐུ་ཚེ་རིང་ཤོས་བཞུགས་མཁན་དགེ་འདུན་གྲུབ་རེད། ད་ལྟ་ངོས་རང་དགེ་འདུན་གྲུབ་ཀྱི་དགུང་ལོའི་མཚམས་ལ་སླེབ་ཡོད། རིམ་པས་རྫོགས་འགྲོ་རྒྱུ་རེད་མ་གཏོགས་བསྡད་ཐུབ་རྒྱུ་མི་འདུག ང་ཚོ་བོད་མི་རིགས་ཀྱི་སྐད་ཆ་བཤད་ཀྱི་ཡོད་སྟབས། མི་རབས་ནས་མི་རབས་སྐད་ཆ་བཤད་དགོས་རེད་མ་གཏོགས་མི་ཐོག་གཅིག་གི་སྐད་ཆ་མ་རེད། དཔེར་ན་ངོས་ཀྱི་མི་རབས་འདི་ངོས་ཀྱིས་འགོ་ཁྲིད་ནས་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་འཛམ་གླིང་ལ་མིག་དཔེ་འོས་པ་ཞིག་ཐོག་གནས་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་དེ་དག་དམ་ཚིག་གོང་བུ་གཅིག་གྱུར་མི་རིགས་ཀྱི་ལ་རྒྱ་ཡོད་པའི་ཐོག་ནས་དེ་ལྟར་བསྡད་པ་རེད། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་བྱུང་བ་རེད། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་སླེབས་ནས་གལ་ཆེ་ཤོས་གཅིག་ནི། གཞིས་ཆགས་དང་སློབ་གྲྭ་འཛུགས་རྒྱུ་དེ་དག་བྱས་པ་རེད། སྐབས་དེར་ནེ་རུ་ཐུགས་འཁུར་ཧ་ཅང་བཞེས་པ་རེད། ང་ཚོ་སློབ་གྲྭ་བཙུགས་པའི་ལག་རྗེས་ད་ཆ་འདིར་སྐྱབས་མཐོ་ནང་ཡོད་པ་ནང་བཞིན་བོད་མི་བཙན་བྱོལ་བའི་ནང་ཡིག་རྨོངས་ཧ་ལམ་མེད་པའི་བཟོ་འདྲ་ཞིག་རེད། ཕྲུ་གུ་ཡོད་ཚད་ཚང་མར་ཡག་ཉེས་ལ་ལྟོས་པར་སློབ་སྦྱོང་སྤྲོད་རྒྱུ་བྱས་ནས་སློབ་སྦྱོང་ཐོག་བྱས་རྗེས་ཡག་ཐག་གཅོད་བྱུང་ཡོད། ཅེས་དང་།
མཐར་བཀའ་སློབ་སྩལ་དོན། ཁ་སྔོན་ལ་དྭགས་སུ་ཡོད་པའི་སྐབས་ངོས་ཀྱིས་བརྗོད་རྒྱུ་བྱུང་། ལ་དྭགས་ངོས་ཀྱི་ངོ་ཤེས་པ་དང་ཆོས་གྲོགས་མང་པོ་ཞིག་གིས་ལུང་པ་ཅིག་དང་ཅིག་ལ་ཡོང་རོགས་ཞེས་ཧ་ཅང་བཤད་ཀྱི་འདུག ངོས་ཀྱིས་ལབ་པ་ཡིན་༸རྒྱལ་བ་རིན་པོ་ཆེ་བྲེལ་བ་ཧ་ཅང་མེད་པར་ཚེ་རིང་པོར་སྡོད་རྒྱུ་དགའ་བ་འདུག་གམ། ཚེ་རིང་པོ་དེ་ཙམ་མེད་པར་བྲེལ་བའི་ངང་ཕར་ཕྱིན་ཚུར་ཕྱིན་ནས་ཚེ་ཐུང་ཐུང་ཞིག་དགའ་བ་འདུག་ཅེས་ལབ་པ་ཡིན། མཁྱེན་སོང་ངམ། ད་ཆ་དགེ་འདུན་གྲུབ་པའི་དགུང་ལོའི་མཚམས་ལ་སླེབས་ཡོད། བླ་རྒན་ལྷོད་ལྷོད་བྱས་ནས་སྡོད་རྒྱུའི་དུས་ཚོད་རེད་མ་གཏོགས་ཕར་ཤོག་ཚུར་ཤོག དཔེ་ཆ་ཁྲིད་རོགས་སོགས་ཟེར་རྒྱུ་ཕལ་ཆེར་ཉུང་དུ་བཏང་ནས་བག་གྲོ་བོ་བྱས་ཏེ། ཁ་སང་བཤད་པ་བཞིན་འཕགས་པའི་གནས་བརྟན་བཅུ་དྲུག་བྱིན་རླབས་ཆེན་པོ་བྱས་ནས་བསྟན་པ་ལ་ཕན་གྱི་ཡོད། ངོས་ཀྱིས་འཕགས་པའི་གནས་བརྟན་བཅུ་དྲུག་བཞིན་རྫིག་པོ་བྱས་ཏེ་ལྷོད་ལྷོད་དགོས་རྒྱུ་གལ་ཆེན་པོ་རེད་འདུག མཁྱེན་སོང་ངམ། དེ་རིང་ཁྱེད་རང་ཚོས་བརྟན་བཞུགས་འབུལ་བ་རེད། བརྟན་བཞུགས་ཀྱི་ཆོ་ག་ཧ་ཅང་ཡག་པོ་རེད། གཙོ་ཆེ་ཤོས་ང་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ཁོས་བླ་མའི་ཚེ་བརྟན་པར་འབྲེལ་བ་ཏན་ཏན་ཡོད་པ་རེད། སྤྱིར་ལས་མ་བྱས་པ་དང་མི་འཕྲད་པ། །ལས་བྱས་པ་ཆུད་མི་ཟ་བའོ། ཟེར་བ་ལྟར་རེད། འོན་ཀྱང་བཀའ་གདམས་གོང་མའི་གསུང་ནང་སློབ་མའི་དགེ་བ་བསགས་པ་དེས་བླ་མར་ཕན་རྒྱུ་ཡོད་པ་རེད། གང་ཡིན་ཟེར་ན་ཆོས་ཕྱོགས་ཐོག་ནས་འབྲེལ་བ་ཡོད་པ་རེད། ཁྱིམ་ཚང་ཞིག་གི་མིའི་དགེ་རྩ་བསྒྲུབས་པ་དེས་ཁྱིམ་དེའི་མིར་ཕན་གྱི་ཡོད་པ་དཔེར་ན་ཕྲུ་གུས་དགེ་རྩ་བསྒྲུབས་པ་དེ་ཕ་མར་ཕན་གྱི་རེད། གང་ཡིན་ཞེ་ན། ཁྱིམ་ཚང་གཅིག་གྱུར་བྱས་ནས་དཔལ་འབྱོར་ཐོག་ནས་འབྲེལ་བ་ཡོད་པ་རེད། ཕ་མ་དང་བུ་ཕྲུག་ཡིན་ན་རིགས་ཀྱི་ཐོག་འབྲེལ་བ་ཡོད་སྟབས་དེ་འདྲའི་འབྲེལ་བའི་ཐོག་ནས་ཕན་གྱི་ཡོད་པ་རེད། དེ་བཞིན་མི་གཞན་ཞིག་གིས་དགེ་བ་བསྒྲུབས་པ་དེས་མི་གཞན་ཞིག་ལ་ཕན་གྱི་ཡོད་པ་བཀའ་གདམས་གོང་མ་ཞིག་གི་གསུང་འདུག
གཞན་རྟོག་གེ་མགོ་འཁྲེགས་ཀྱི་སྐད་ཆ་བཤད་པ་ཡིན་ན། ངས་སྨོན་བརྒྱབ་པ་དང་ཚེ་སྒྲུབ་བྱས་པ་དེ་ང་རང་ལ་དགེ་བ་ཡོང་རྒྱུ་མ་གཏོགས་གང་ཟག་ཐ་དད་པ་ཞིག་ལ་ཕན་རྒྱུ་གང་ཡོད་ཅེས་བརྗོད་པ་ཡིན་ན། དེ་ལ་རྒྱུ་མཚན་འདི་ལྟར་འདུག དེ་རིང་འདིར་ཁྱེད་རང་ཚོ་ཚང་མས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །