༢༠༡༩ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༠ ནས་ ༢༤ བར་ཉིན་གྲངས་ལྔའི་རིང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་ཉིན་དང་པོ་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། གཞུང་ལྟ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ངོས་ཀྱིས་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་ཞེས་རྗོད་སྐབས་ཕྱི་ནང་གི་ཆོས་དང་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་ཚང་མའི་ཁྱད་པར་ལུང་ཙམ་མ་ཡིན་པར་རིགས་པའི་ལམ་ནས་ཤེས་དགོས་པར་བརྗོད་ཀྱི་ཡོད།
ཁ་སང་ཞུས་པ་ནང་བཞིན་རེད། དབུ་མ་སྙིང་པོ་གཞུང་གལ་ཆེན་པོའི་གྲས་རེད། ཡིན་ནའང་དེའི་ཞལ་རྒྱུན་མི་འདུག ངོས་ནས་དེ་གང་དྲག་བསམས་སོང་། ངོས་ཀྱིས་དེའི་ཞལ་རྒྱུན་ཞིག་སྤེལ་དགོས་ཀྱི་འདུག་བསམས་པ་རེད། གཞུང་ཆེན་བཅུ་གསུམ་གྱིས་མཚོན་པས་གཞུང་མང་པོ་ཞིག་གི་ཞལ་རྒྱུན་ངོས་ལ་ཁུ་ནུ་བླ་མ་རིན་པོ་ཆེ་དང་། རྒན་རིག་འཛིན་བསྟན་པ། ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་སོགས་ནས་ཐོབ་ཡོད། དབུ་མ་སྙིང་པོའི་ཞལ་ལུང་ཞིག་དགོས་ཀྱི་འདུག་བསམས་པ་རེད། འོན་ཀྱང་དེའི་ཞལ་ལུང་མི་འདུག དབུ་མ་སྙིང་པོའི་མཆན་འགྲེལ་ཞིག་བྱུང་ན་བསམས་པ་རེད། མཆན་འགྲེལ་ཐོག་ནས་ཕར་ཞལ་ལུང་ཞུས་ཏེ་དབུ་མ་སྙིང་པོའི་ཞལ་ལུང་གི་རྒྱུན་ཞིག་བྱུང་ན་བསམས་པ་རེད། ངོས་ནས་ཀུན་སློང་དེ་འཁྱེར་བ་རེད། དེར་བརྟེན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་མཆན་འགྲེལ་ཞིག་བརྩམ་རོགས་གནང་ཞུས་པ་བཞིན། མཁན་རིན་པོ་ཆེས་མཆན་འགྲེལ་འདི་བརྩམས་པ་རེད། མཁན་རིན་པོ་ཆེ་ད་ལྟ་བཞུགས་མེད་པ་མ་གཏོགས་ཁོང་ལ་སྐུ་རྩེད་ཞུ་དགོས་པ་ཞིག་འདུག
སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་མཆན་འགྲེལ་ལ་བོད་དབུས་གཙང་གི་སྐད་དུ་ཞེས་པ་དེ་གསུང་དགོས་པ་མི་འདུག བོད་སྐད་དུ་ཞེས་གསུངས་པ་ཡིན་ན་འགྲིག་གི་རེད། ༼ཅེས་ཞལ་ཤོབ་མཛད། ༽ གང་མཚམས་ཤིག་ནས་བོད་ལ་དྭགས་ཀྱི་སྐད་དུ། བོད་མོན་པའི་སྐད་དུ། བོད་འབྲས་ལྗོངས་ཀྱི་སྐད་དུ། བོད་ནང་དུ་མཚོན་ནའང་ཨ་མདོའི་སྐད་དུ། ཁམས་པའི་སྐད་དུ། ལུང་ཚན་མི་འདྲ་བ་མང་པོ་ཡོད་པའི་ཆ་ནས་སྐད་ཀྱི་གདངས་མི་འདྲ་བ་ཏོག་ཙམ་ཡོང་གི་འདུག རིན་པོ་ཆེས་བོད་དབུས་གཙང་གི་སྐད་དུ་ཞེས་པ་དེ་གསུང་དགོས་ཀྱི་མི་འདུག བོད་སྐད་དུ་ཞེས་གསུངས་པ་ཡིན་ན་འགྲིག་པ་རེད། བོད་སྐད་ཟེར་བ་དང་། རྫོང་ཁའི་སྐད། བྷོ་ཊའི་སྐད་སོགས་མིང་ག་རེ་བཏགས་ན་མ་བཏགས་ན་ཁྱད་པར་མི་འདུག གང་ལྟར་སྐད་དེ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཡོད་པ་དེ་ཆགས་ཡོད། གང་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོས་གཏན་ལ་ཕབ་པའི་བོད་ཡིག་དང་། མཁན་སློབ་ཆོས་གསུམ་འཛོམས་ནས་དཔེ་ཆ་མང་པོ་བོད་ཡིག་ནང་བསྒྱུར་གནང་བ་དང་།
བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་དེ་དག་བོད་པའི་ཡི་གེ་ཤ་སྟག་ཆགས་བསྡད་ཡོད། གདངས་མི་འདྲ་བ་ཕྲན་བུ་ཡོད་པ་དེར་ཁྱད་གང་ཡང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དབུ་མ་སྙིང་པོ་མཆན་འགྲེལ་དངོས་གཞི་དབུ་འཛུགས་མཛད་ཡོད་པ་དང་བཅས། །