ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བོད་ཟླ་དང་པོ་ཚེས་བཅོ་ལྔའི་ཉིན་གཉན་ཡོད་དུ་མཉམ་མེད་ཤཱ་ཀྱའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་སྒོ་ནས་ཕམ་པར་མཛད་པའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུ་སླད་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་ཆོ་འཕྲུལ་དུས་ཆེན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་ཕོ་བྲང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་མཚམས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད། རྡ་ས་ཁུལ་གྱི་གྲྭ་བཙུན་སྔགས་གསུམ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་དོན། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་དུས་ཚེས་དམིགས་བསལ་ཅན་ཞིག་རྩི་སྲོལ་ཡོད། དུས་ཚེས་འདིའི་སྐབས་འདིར་རྒྱ་གར་ནང་སྟོན་པས་དམིགས་བསལ་ཆོས་ཕྱོགས་ཐོག་ནས་མུ་སྟེགས་པའི་སྟོན་པ་དྲི་བ་དྲིས་ལན་གནང་ཡོད། བོད་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྨོན་ལམ་གྱི་དུས་སྟོན་ཞིག་མཛད་པ་རེད། རྗེ་རིན་པོ་ཆེའི་མཛད་ཆེན་གྲས་རེད། བོད་གངས་ཅན་གྱི་ལྗོངས་ལ་དུས་སྐབས་ཤིག་ལ་སྨོན་ལམ་གྱི་མཛད་སྒོ་ཚོགས་མ་ཐུབ་པའི་བཟོ་འདྲ་བོ་བྱུང་བ་རེད།
ཕལ་ཆེར་༧རྒྱལ་དབང་དགེ་འདུན་རྒྱ་མཚོའི་སྐབས་སུ་ཐབས་ཤེས་དང་འབད་བརྩོན་དེ་འདྲ་གནང་སྟེ་བསྐྱར་གསོ་གནང་ཐུབ་ཡོད། ང་ཚོ་བཙན་བྱོལ་བ་ཆགས་རྗེས་བོད་ནང་ལོ་ཁ་ཤས་རིང་སྨོན་ལམ་ཚོགས་ཐུབ་མེད་ཀྱང་པཎ་ཆེན་རིན་པོ་ཆེས་ཐུགས་ཁུར་བསྐྱེད་ནས་སྨོན་ལམ་གྱི་མཛད་སྒོ་ཚོགས་རྒྱུ་བྱུང་བ་རེད། ང་ཚོ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ལོར་ཕལ་ཆེར་ཚོགས་ཐུབ་མེད། དེ་མིན་རྒྱས་བསྡུས་མ་གཏོགས་སྨོན་ལམ་ཚོགས་པ་རེད། དེ་རིང་འདིར་སྨོན་ལམ་ཚོགས་རྒྱུ་དེ་ལྟར་རེད།
དེ་རིང་གནམ་གཤིས་གྲང་མོ་འདུག་སྟབས་གསུང་རའི་ནང་ཚོགས་མི་དགོས་པར་འདིར་ཚོགས་ན་སྙམ་པ་དྲན་བྱུང་། སང་ཉིན་ནས་ཉིན་ཤས་རིང་ཆོས་འབྲེལ་ཡོད་རེད། དེར་བརྟེན་འདིར་མུ་མཐུད་ཚོགས་ན་སྙམ་བྱུང་། ད་རེས་ལོ་གསར་ཚེས་གསུམ་ཉིན་གངས་གང་ཙམ་བཏང་བར་བརྟེན་གནམ་གཤིས་གང་ཙམ་གྲང་མོ་ཆགས་སོང་། རྒྱ་གར་ལྷོ་ཕྱོགས་ནས་ཕེབས་མཁན་ཚོར་དམིགས་བསལ་གྱི་དགའ་བསུ་ཞུ་ཡི་ཡོད་རེད། ནམ་རྒྱུན་འཆར་ཅན་སྟོན་པའི་སྐྱེས་རབས་གསུང་རྒྱུའི་ཕྱག་བཞེས་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཕྱིན་པ་རེད། དུས་ད་ལྟ་ཡིན་ནའང་སངས་རྒྱས་ཀྱི་ཆོས་ཚུལ་ལ་དམིགས་བསལ་དོ་སྣང་སླེབ་རྒྱུ་ཞིག་ཡོང་བཞིན་འདུག ཆོས་ལ་དད་པ་ཆོས་ལུགས་ཚང་མས་གསུང་གི་ཡོད།
དེ་དང་ཆབས་ཅིག་བྱམས་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས་དེ་འདྲའི་ཉམས་ལེན་གནང་རྒྱུ་ཆོས་ལུགས་ཚང་མ་ལ་ཡོད་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ནའང་བྱམས་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས་དེ་དག་གསུང་གི་འདུག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྲངས་ཅན་ལྷ་མེད་པ་དེང་སྐབས་ཧ་ཅང་ཡོད་མེད་མི་ཤེས། ཕྲན་བུ་ཡོད་ཀྱི་རེད། གང་ལྟར་གཅེར་བུ་བ་ཚོ་ཡག་ཐག་གཅོད་ཡོད་རེད། དངོས་འབྲེལ་འཚེ་བ་མེད་པ་མཐའ་གཅིག་ཏུ་འཚེ་མེད་ཀྱི་སྤྱོད་པ་བསྐྱངས་ནས་དཀར་ཟས་ཁོ་ན་བསྟན་མཁན་རེད། ང་ཚོའི་དཔེ་ཆ་ནང་གཅེར་བུ་བ་ཟེར་གྱི་ཡོད་རེད། གོས་ཁྱོན་ནས་མེད་པ་དེ་འདྲ་ཡོང་གི་འདུག གཅེར་བུ་བ་དེ་དག་ཧ་ཅང་ཡག་པོ་རེད་འདུག
ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་བཅས་ཚང་མས་གསུང་གི་ཡོད། དེར་བརྟེན་ལོ་ངོ་སྟོང་ཕྲག་གཉིས་ལྷག་རིང་ཆོས་ལུགས་ཁག་དེ་དག་གིས་མི་ལ་ཕན་ཐོགས་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་འདོ་ལྟར་ཤོད་ཀྱི་ཡོད། མིའི་རང་བཞིན་ལྷན་སྐྱེས་ཀྱི་མྱོང་ཚོར་གཙོ་བོ་ནི། གཞན་ལ་བརྩེ་བ་བྱས་པ་ཡིན་ན་ཐོག་མར་སྐྱེས་པའི་ཉིན་མོ་ནས་མའི་བརྩེ་བའི་འོག་ནས་འཚོ་བ་དང་འཚར་ལོང་བྱུང་བ་རེད།
བརྩེ་བ་ཟེར་མཁན་དེ་མིའི་བཟང་པོའི་ཡོན་ཏན་གཙོ་བོ་རེད་འདུག མི་འཚོ་བར་འདི་དགོས་ཀྱི་ཡོད་རེད། དེར་བརྟེན་ཆོས་ལུགས་ཚང་མ་མིའི་ཆོས་ཡིན་སྟབས། མིའི་བཟང་པོའི་ཡོན་ཏན་གཙོ་བོ་ནི་གཙོ་འདོན་བྱས་ནས་གསུང་གི་ཡོད་པ་ཆོས་ཉིད་རེད། དེ་འདྲའི་བརྩེ་བ་ཉམས་ལེན་བྱེད་རྒྱུའི་རྒྱབ་རྟེན་ལ་ལྟ་གྲུབ་དེ་དག་སླེབ་ཀྱི་ཡོད་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་རེད་ཅེས་བརྗོད་ཀྱི་འདུག དེའི་སྲས་ལྟ་བུ་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མ་བརྩེ་བའི་བདག་ཉིད་ཀྱི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེའི་སྲས་ཡིན་སྟབས་ང་ཚོས་བྱམས་བརྩེ་ཉམས་ལེན་བྱེད་དགོས་ཞེས་པ་འདི་ཧ་ཅང་ཡག་པོ་རེད།
འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་རང་ལུགས་ཀྱི་ལྟ་གྲུབ་དེ་དག་ངོ་ཐོག་ཏུ་ལག་བསྟར་གནང་བ་ཡིན་ན་གཅིག་གིས་གཅིག་ལ་གསོད་རེས་གཏོང་རྒྱུ་དང་སེམས་ནག་བྱེད་རྒྱུ་ཁྱོན་ནས་ཡོང་རྒྱུ་མེད། འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་དཀོན་མཆོག་གཅིག་གི་སྲས་ཡིན་པར་ཡིད་ཆེས་བྱས་ནས་གཅིག་གིས་གཅིག་ལ་ཕན་བཏགས་པ་དང་རོགས་བྱས་པ་མ་གཏོགས་འཚེ་བ་མི་བྱས་པ་ཞིག་ཡོང་དགོས་པ་རེད་འདུག
འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཚོས་བྱམས་བརྩེ་ཟེར་རྒྱུ་དེ་བདེ་སྐྱིད་ཀྱི་རྩ་བ་རང་ཉིད་ལ་ཆ་བཞག་ན་ཇི་ཙམ་གྱིས་བྱམས་བརྩེ་ཡོད་ན་དེའི་ཚོད་ཀྱིས་སོ་སོའི་སེམས་ཞི་བདེ་དང་སྐྱིད་པོ་ཡོང་རྒྱུ་དང་། མིའི་སྤྱི་ཚོགས་ཟེར་རྒྱུ་འདི་སྤྱི་ཚོགས་ལ་རྟེན་པའི་སྲོག་ཆགས་ཡིན་སྟབས་རང་ཉིད་གང་ལ་རྟེན་ས་འདི་སྤྱི་ཚོགས་རེད། དེར་བརྟེན་སྤྱི་ཚོགས་ལ་ཇི་ཙམ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་སྤྱི་ཚོགས་ལ་སེམས་ཐག་ཉེ་བོ་ཡོང་དུས་རང་ལ་ཕན་གྱི་ཡོད། སྤྱི་ཚོགས་དང་ཁ་བྲལ་ན་མི་ཤེས་ཡོན་དང་སྟོབས་ཡོད་པ་ཡིན་ནའང་ཁེར་རྐྱང་བསྡད་ན་འཚོ་རྒྱུ་མེད་པ་དངོས་ཡོད་གནས་ཚུལ་རེད། ཆོས་ཀྱི་སྐད་ཆ་བཤད་མི་དགོས་པར་གང་ལྟར་མིའི་སྤྱི་ཚོགས་ནང་ཡིན་ཕྱིན་ཆད་གཞན་ཕན་གྱི་བློ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག འདི་ཆོས་ལུགས་ཚང་མས་གསུང་གི་འདུག
འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཚོས་བདེ་བ་དང་སྡུག་བསྔལ་ནི་སོ་སོས་ལས་བཟང་པོ་བསགས་ཏེ་གཞན་ལ་ཕན་པའི་སྤྱོད་པ་བྱས་ན་རང་ལ་ཕན་གྱི་རེད། གཞན་ལ་གནོད་པའི་བྱ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད་ཅེས་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་པའི་ཐོག་ནས་བྱམས་བརྩེ་གོང་འཕེལ་གཏང་རྒྱུ་ཆོས་ལུགས་ཚང་མས་བཤད་ཀྱི་ཡོད། ང་ཚོ་ངོས་ནས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་དང་། དེ་དག་གི་ཡོན་ཏན་ལ་བལྟས་ནས་གཅིག་གིས་གཅིག་ལ་གུས་བརྩི་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་འདུག དད་པ་དང་གུས་པ་དབྱེ་འབྱེད་དགོས། སོ་སོའི་ཆོས་ལུགས་ལ་དད་པ་དང་ཆོས་ལུགས་ཚང་མར་གུས་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་རིང་ཆོ་འཕྲུལ་སྨོན་ལམ་དུས་སྟོན་འདིར་བཅོམ་ལྡན་འདས་དྲན་གསོ་གཏོང་རྒྱུའི་བཟོ་འདྲ་བོ་དེ་ལ་སྐྱེས་རབས་གསུང་རྒྱུ་འདི་ཡིན་པ་རེད། ཆོས་འཆད་ཉན་གང་བྱས་པ་ཡིན་ནའང་ཀུན་སློང་རྣམ་པར་དག་པ་དགོས་ཀྱི་ཡོད་པ་རེད། འཆད་པ་པོ་ངོས་ནས་ཡིན་ནའང་ཀུན་སློང་རྣམ་པར་དག་པ་དང་། ཉན་པ་པོ་ངོས་ནས་ཀྱང་ཀུན་སློང་རྣམ་པར་དག་པའི་ཐོག་ནས་ཉན་པ་ཡིན་ན། ཆོས་འཆད་པ་དང་ཉན་པའི་ཕན་ཡོན་ཡག་པོ་ཡོང་གི་རེད། ཀུན་སློང་རྣམ་པར་དག་པ་མ་བྱུང་ན་འཇིག་རྟེན་ཆོས་བརྒྱད་དང་དེ་འདྲའི་ཐོག་ཕྱིན་པ་ཡིན་ན་ཉན་བཤད་གནད་དུ་སོང་བ་ཡོང་གི་མ་རེད། དེར་བརྟེན་སངས་རྒྱས་ཆོས་ཚོགས་མ་མཉམ་དུ་གསུང་ཤོག་ཨང་། ཞེས་བཀའ་སློབ་སྩལ་ཏེ་སྐྱེས་རབས་དང་རྟེན་འབྲེལ་བསྟོད་པ། བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་བཀའ་ཆོས་འཛུགས་གནང་།
མཇུག་ཏུ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་སུ་བོད་པ་རྐྱང་རྐྱང་ནང་སྡོད་བཞིན་ཡོད། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་པའི་རྐྱེན་གྱིས་མི་མང་པོར་འབྲེལ་བ་བྱེད་རྒྱུའི་གོ་སྐབས་བྱུང་སྟེ་བོད་ཀྱི་ལྟ་གྲུབ་སྐོར་དང་གཞུང་ཆེན་ཁག་ལ་སློབ་སྦྱོང་ཡོད་པ་དེ་དག་གཞན་དང་མི་འདྲ་བ་བསམ་བློ་གཏང་རྒྱུ་དང་རྒྱུ་མཚན་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་མཐོང་དུས་ཆ་འཇོག་བྱེད་ཀྱི་འདུག དེ་དག་ལ་བསམ་བློ་གཏོང་དུས་བོད་ཤོར་ནས་བཙན་བྱོལ་བ་ཆགས་པ་འདི་རྐྱེན་ངན་གྲོགས་ཤར་ལྟ་བུ་མཐོང་གི་འདུག གང་ལྟར་ང་ཚོ་བཙན་བྱོལ་བ་ནི་ཆགས་པ་རེད། བཙན་བྱོལ་བ་ཆགས་ཟིན་རྗེས་དོན་གོ་ཆོད་པ་ཞིག་བྱེད་ཀྱི་ཡིན་ན་ཡག་པོ་འདུག གཞིས་ལུས་རྒྱ་ཆེ་མི་མང་དེ་དག་གིས་བཙན་བྱོལ་ལ་ཡོད་པའི་བོད་པ་ལ་བློ་གཏད་དང་། བཙན་བྱོལ་ལ་ཡོད་པའི་བོད་པ་དེ་དག་ཧྲ་ཏག་ཏག་ཡོད། བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་སྟེང་བསྟན་རྒྱུ་ཡོད་པ་ཞིག་ཆགས་ཡོད་བསམ་པའི་སེམས་ནང་སྤྲོ་བ་སླེབ་རྒྱུ་ཞིག་དང་། བོད་ཀྱི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་སྐད་ཡིག་ནི་ནམ་ཡང་ནུབ་ས་མ་རེད་བསམ་པའི་སྙིང་སྟོབས་དང་རེ་བ་སླེབ་ས་ཤིག་ཆགས་ཡོང་གི་འདུག
འདིར་བཙན་བྱོལ་ལ་ཡོད་མཁན་ཚོར་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་སྲོག་དང་དོར་ནས་སྙིང་སྟོབས་འཛིན་བཞིན་པ་མཐོང་ཡོང་དུས་ང་ཚོ་ཡིན་ནའང་ང་ཚོ་རང་དབང་ལུང་པའི་ནང་ཡོད། ང་ཚོས་ཧུར་ཐག་འབད་ཐག་མ་བྱས་ན་འགྲིག་གི་མ་རེད་བསམ་པའི་སྙིང་སྟོབས་སླེབ་རྒྱུ་ཞིག་འདུག གང་ལྟར་ཡང་སྙིང་བོད་མི་ས་ཡ་དྲུག་ལྷག་ཙམ་ཡོད་པ་དེ་དག་དུས་ཚོད་ཁག་པོ་འདིའི་སྐབས་ང་ཚོ་ཚང་མ་རྡོག་ལ་སྒྲིལ་བ་ཞིག་ཆགས་ཡོད། དཔེར་ན་དེ་སྔ་ངོས་རང་སྐྱེས་ས་ཟི་ལིང་གྲོང་གསེབ་ལ་ཆ་བཞག་ན་དགའ་ལྡན་ཕོ་བྲང་སྐོར་དེ་ཙམ་རྒྱུས་མངའ་མེད། ང་ཚོ་རྐྱེན་ངན་གྲོགས་ལ་ཤར་ནས་བོད་ཆོལ་ཁ་གསུམ་གྱི་བོད་པ་ཡོངས་རྫོགས་རྡོག་ལ་སྒྲིལ་བ་ཆགས་འདུག འདི་རྐྱེན་ངན་གྲོགས་ལ་ཤར་བ་རེད། མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ཧ་ལས་པ་རེད་འདུག ང་ཚོ་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་འདི་རང་རྒྱལ་གཞན་ཕམ་ཟེར་གྱི་ཡོད་མ་རེད། རྒྱ་ཆེ་ས་ནས་མི་མང་པོར་ཕན་ཐོགས་ཡོང་ཐུབ་པའི་བསམ་བློ་གཏོང་གི་ཡོད་པ་རེད། ཁ་ཡོད་ལག་ཡོད་རྒྱ་མི་རིགས་ང་ཚོར་བཙན་དབང་ཤོད་མཁན་ལྟ་བུ་ཆགས་ཡོད། འོན་ཀྱང་སྤྱི་ཡོངས་ནས་རྒྱ་མི་རིགས་འདི་དེ་སྔ་ཆོས་རྒྱལ་ཚོའི་སྐབས་ནས་གྲོགས་པོ་ཆགས་ཡོད།
དེང་སྐབས་ཡིན་ནའང་རྒྱ་རིགས་ནང་པ་ཕལ་ཆེར་ས་ཡ་བཞི་བརྒྱ་མ་ཟིན་ཙམ་ཡོད་པ་དེ་དག་གིས་དོ་སྣང་ཧ་ཅང་བྱེད་ཀྱི་འདུག དེ་དག་གིས་ང་ཚོ་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་ཏན་ཏན་ཡོད་པ་རེད། མཁྱེན་སོང་ངམ། ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོས་བོད་རང་བཙན་རྩོད་ཀྱི་མིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་རྒྱུའི་གུང་ཧོ་གོ་ཟེར་རྒྱུའི་ཚིག་འདིའི་འོག་ནས་ང་ཚོར་ཐོབ་ཐང་འདྲ་མཉམ་ཡོད་པ་ཞིག་བྱུང་ན་ང་ཚོ་རྒྱལ་ཁབ་གཅིག་གྱུར་སྟེང་དགེ་མཚན་འདུག་ཅེས་པའི་རྒྱུ་མཚན་འདི་རེད། ང་ཚོས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་འདི་སྐྱག་རྫུན་མ་རེད། ཁ་ཞེ་གཉིས་མེད་རེད། སྟོང་གསུམ་གྱི་སྟོང་ཆེན་པོ་བྱེ་བ་ཕྲག་བརྒྱ་ཞེས་བཤད་ཀྱི་ཡོད་པ་འདི་བདེན་པ་རེད། ར་འཕྲོད་ཡོང་གི་འདུག སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་ཀྱང་དེ་དག་ལ་སྨོན་ལམ་བརྒྱབ་པ་མ་གཏོགས་ཕན་གནོད་བྱེད་རྒྱུ་གང་ཡང་མི་འདུག ཕན་གནོད་བྱེད་རྒྱུར་འབྲེལ་བ་ཡོད་པ་ནི་འཛམ་གླིང་འདིའི་སྟེང་གི་སེམས་ཅན་དེ་དག་རེད།
དེའི་ནང་ནས་དུས་འགྲོ་དང་སྲོག་ཆགས་འབུ་སྲིན་དེ་དག་ལ་སྨོན་ལམ་རྒྱག་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མི་འདུག བྱ་རི་དྭགས་རིགས་མཐོང་དུས་གང་དྲག་ཅེས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་གང་ཡང་བྱེད་རྒྱུ་མི་འདུག ཐབས་ཤེས་བྱེད་རྒྱུ་ཡོད་པ་ནི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་སྐད་མི་འདྲ་བ་རེད་དེ་སྐད་ཅིག་ཡོད་པ་ཡིན་སྟབས་མིའི་ཀླད་པ་གཅིག་པ་ཡིན་དུས་ང་ཚོ་འབྲེལ་བ་བྱེད་ཐུབ་རྒྱུ་དང་ཕན་ཐོགས་བྱེད་ཐུབ་པ་ཡོད། དེར་བརྟེན་ཁ་ཡོད་ལག་ཡོད་ཐོག་ནས་གཞན་ཕན་ཇི་ཙམ་སྒྲུབ་ཐུབ་པ་བྱུང་ན་དེའི་ཐོག་བསམ་བློ་གཏོང་དགོས། རྒྱ་མི་རིགས་ལོ་རྒྱུས་ཐོག་ནས་ནང་པ་རེད། བོད་དང་ཧ་ཅང་འབྲེལ་བ་ཡོད། དེར་བརྟེན་ཆབ་སྲིད་ཀྱི་རྒྱུ་མཚན་ཐོག་ནས་རང་ཕྱོགས་དང་གཞན་ཕྱོགས་ཞེས་ཤུགས་ཆེན་པོ་བྱས་པའི་དགོས་པ་གང་ཡང་མི་འདུག ང་ཚོ་གྲོགས་པོ་གྲོགས་གཅིག་གི་ཐོག་ནས་ང་ཚོའི་སྡུག་བསྔལ་སེལ་ཐུབ་པ་དང་བདེ་བ་སྒྲུབ་ཐུབ་པ་ཞིག་དང་། དེ་ཡང་གཉིས་ཕན་གྱི་ཐོག་ནས་འགྲོ་ཐུབ་པའི་ང་ཚོར་རྒྱུ་ཡོད། དེང་སྐབས་རྒྱ་མི་རིགས་མང་པོ་ཞིག་གིས་དོ་སྣང་གསར་པ་སླེབ་ཡོང་གི་འདུག ང་ཚོས་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་ཤོད་ཀྱི་མེད།
དེ་ལྟར་བསམ་བློ་གཏོང་དུས་ང་ཚོ་བོད་མི་རིགས་འདི་འཕགས་པ་སྤྱན་རས་གཟིགས་གི་འདུལ་ཞིང་ཞེས་བཤད་ཀྱི་ཡོད་པ་རེད། བཤད་པ་ནང་བཞིན་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་པའི་ཚོགས་དེ་དག་གིས་བོད་མི་རིགས་འདི་ཙོག་ཙོག་བཟོ་འདུག ང་ཚོའི་མི་རབས་འདི་དཀའ་ངལ་ཧ་ཅང་མྱངས་པ་རེད།
བོད་པའི་གཏམ་དཔེར། མཆོད་རྟེན་མགོ་མཇུག་ལོག་ཀྱང་། བང་རིམ་སྐེད་པར་གནས། ཟེར་བ་ལྟར་ང་ཚོ་འཛམ་གླིང་འདིའི་སྟེང་སྤོབས་པ་བྱས་ནས་གནས་ཡོད། རྒྱ་མི་རིགས་ཡིན་ནའང་བློ་གཟུ་བོར་གནས་པ་དེ་དག་དངོས་གནས་ཡིད་སྨོན་སྐྱེ་རྒྱུ་ཆགས་ཡོད། ད་བར་ང་ཚོའི་སྒྲིག་འཛུགས་ཐོག་ནས་བཤད་པ་ཡིན་ནའང་ཚང་མས་ཧུར་ཐག་འབད་ཐག་གནང་སྟེ་མི་རབས་ཁ་ཤས་ཕྱིན་པ་རེད། ཚང་མས་ཧུར་ཐག་འབད་ཐག་གནང་བ་རེད། སྔོན་མ་ཀུན་བདེ་གླིང་དང་ཛ་སག དབང་རྡོར་ལགས། ཚེ་དབང་རྟ་མགྲིན་ལགས་བཅས་ནས་ཧུར་ཐག་འབད་ཐག་བྱས་སོང་། དེ་ནས་མར་མི་རབས་ཁ་ཤས་ཕྱིན་པ་རེད། འོན་ཀྱང་ཚང་མས་ཧུར་ཐག་བྱས་པའི་གྲུབ་འབྲས་སུ་བཙན་བྱོལ་གྱི་སྒྲིག་འཛུགས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གོང་བུའི་ནུས་པ་ཆབ་སྲིད་ཁོ་ནའི་སྐད་མིན་པར་ཆོས་དང་རིག་གཞུང་རྒྱ་ཆེ་སའི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་གང་ཙམ་བྱེད་ཐུབ་པའི་མཚམས་ལ་སླེབ་ཡོད། ངོས་ཀྱིས་རྟག་པར་འདི་ལྟར་ཤོད་ཀྱི་ཡོད། འཕགས་པ་སྤྱན་རས་གཟིགས་གི་འདུལ་ཞིང་བྱས་ནས་ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་རེད། ང་ཚོ་ད་ལྟའི་མི་རབས་འདིས་མི་གོ་ཆོད་ཡོད་པ་ངོས་ཀྱི་རྟག་པར་དྲན་གྱི་འདུག མཁྱེན་སོང་ངམ།
དེ་རིང་འདིར་བཀའ་བློན་རྣམ་པ་དང་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་འདིར་འཛོམས་ཡོད། ང་ཚོ་མི་རབས་ནས་མི་རབས་དཀའ་ལས་བརྒྱབ་ནས་སོ་སོའི་བདེན་དོན་འདི་བདེན་པ་མཐའ་འཁྱོངས་བ་ད་ལྟ་བར་དུ་བྱས་པ་རེད། བདེན་པའི་མཐའ་ཏན་ཏན་གསལ་གྱི་རེད། དེར་བརྟེན་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན།ད་དུང་ཡིན་ནའང་ཚང་མས་སེམས་ཤུགས་སྐྱེས་ནས་ཧུར་ཐག་གནང་ཤོག བསམ་བློ་གུ་དོག་མ་གཏང་བར་བློ་རྒྱ་སྐྱེས་ནས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་འདུག ང་ཚོ་བདེན་མཐའ་གསལ་ལ་ཉེ་བའི་མཚམས་ལ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།