ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་བོད་ཟླ་ ༡ ཚེས་ ༡༧ དང་། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ། སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བར་ཆོས་ཕྱོགས་ཀྱི་མཛད་སྒོ་ཟབ་རྒྱས་ཤིག་བསྐོང་འཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༦ ཐོག་སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ ཆེན་པོ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཞག་མཛད་ཡོད་པ་དང་། ཆུ་ཚོད་ ༨།༣༠ ཐོག་སྐྱབས་མགོན་༸གོང་མ་ཁྲི་ཆེན་ ༤༡ ཆེན་པོ་མཆོག་དང་། ས་སྐྱ་ཁྲི་འཛིན་མཆོག ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཛ་ཡཱ་བཛྲ་རིན་པོ་ཆེ་མཆོག ས་སྐྱའི་བདག་མོ་རྣམ་པ། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། དེ་བཞིན་ཕྱི་ནང་གི་སྐུ་མགྲོན་བཅས་ལ་གནའ་དེང་གི་ཕེབས་བསུ་ཟབ་རྒྱས་ཐོག་ས་སྐྱ་སྒྲོལ་མ་ཕོ་བྲང་ནས་ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་དུ་གདན་ཞུ་གནང་།
དེ་ནས་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་མཎྜལ་ལྗགས་བཤད་གནང་གྲུབ་བསྟུན་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དེ་བཞིན་ས་གནས་མི་མང་བཅས་ནས་རིམ་བཞིན་མནྜལ་སྐུ་གསུང་ཐུགས་རྟེན་གྱི་བརྟན་བཞུགས་འབུལ་ལམ་ཞུས་གྲུབ་མཚམས་དཔལ་ས་སྐྱ་ཁྲི་ཆེན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་དེ་བཞིན་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ནམ་རྗེས་དྲན་གྱི་མཛད་སྒོར་ས་གནས་མི་མང་ངོས་ནས་ངོས་ལ་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷག་པར་དེ་རིང་ཨ་རི་ནས་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཛ་ཡཱ་བཛྲ་རིན་པོ་མཆོག་ས་གནས་སུ་ཆེད་མངགས་ཕེབས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་མཛད་འཕྲིན་མང་པོ་ཡོད་པ་ལ་མི་ལྟོས་པར་་གལ་ཆེན་པོ་རྩི་བའི་ཐོག་ནས་ཆེད་ཕེབས་གནང་བ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་འབྱོར་བཀའ་བློན་མཆོག་འདིར་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞིས་ཆགས་ཀྱི་སྐོར་ལ་ཚང་མས་མཁྱེན་གསལ་ལྟར་ཞིབ་ཕྲ་ཞུ་མི་དགོས། སང་ཉིན་དེའི་ཐོག་ཞུ་རྒྱུའི་གོ་སྐབས་ཡོད། བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་བླ་ན་མེད་པ་ལ་བརྟེན་ནས་ང་ཚོ་རྒྱ་གར་འཕགས་པའི་ཡུལ་དུ་བག་ཕེབས་ངང་ནས་གནས་ཐུབ་པ་དང་། ཆབ་སྲིད་ཐོག་ནས་གཞི་རྩ་བཙུགས་ཐུབ་པར་བརྟེན་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ནམ་ཡང་མ་བརྗེད་པར་སྙིང་དུ་བཅངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་མཚུངས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་། དེ་བཞིན་ས་གནས་མི་མང་། གཞན་ཚང་མས་མཐུན་འགྱུར་རོགས་རམ་གནང་བར་བརྟེན་གཞིས་ཆགས་བཙུགས་ཐུབ་པ་བྱུང་ཡོད།
ཐོག་མར་གཞིས་ཆགས་དེ་བཞིན་འགོ་བཙུགས་པའི་སྐབས་འགན་བཞེས་མཁན་གྱི་མི་མང་པོ་ཞིག་ཡོད་པའི་ནང་ནས་འགན་འཛིན་ཐོག་མར་མཐུ་སྟོབས་སྤྲུལ་སྐུ་ལགས་ཀྱིས་གཞིས་ཆགས་ཀྱི་ས་ཆ་འཚོལ་ཞིབ་བྱ་རྒྱུ་དང་། གང་ཅིའི་ཐད་སྐུ་ལས་ཧ་ཅང་སྐྱོན་གནང་ཡོད། སྐབས་དེར་ཁོང་དང་ལྷན་འབྲེལ་ཡོད་ལས་བྱེད་ཁག་གཅིག་ས་གནས་ཀྱི་ལས་དོན་སླད་ལྡི་ལིར་ཕྱོགས་བསྐྱོད་སྐབས་མོ་ཊ་བརྡབ་སྐྱོན་རྐྱེན་པའི་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད། དེ་རྣམས་ང་ཚོས་མི་བརྗེད་པ་བྱེད་དགོས་པ་མ་ཟད་རྗེས་དྲན་ཡང་གནང་དགོས། ད་བར་གཞིས་ཆགས་ནང་འགན་འཛིན་རབ་དང་རིམ་པ་མང་པོ་བྱུང་ཡོད་པ་རྣམས་ཀྱིས་ལས་འགན་ཧུར་ཐག་གནང་ཡོད་པ་རེད།
ད་ལྟའི་འགན་འཛིན་ལས་ཐོག་པ་བསྟན་འཛིན་ཀུན་དགའ་ལགས་ནི་ན་གཞོན་དང་ལྷག་བསམ། དེ་བཞིན་ལས་དོན་གང་འདྲ་ཞིག་ཡིན་ནའང་ཧུར་ཐག་ངང་ནས་གནང་བཞིན་པ་རེད། ཕྱོགས་མཚུངས་དོན་གྲུབ་དབང་རྒྱལ་ལགས་ངོ་ཤེས་ཡིན་པ་དང་། དེ་སྔོན་ས་གནས་སུ་འགོ་འཛིན་གནང་ཡིན་སྟབས་ཚང་མས་ཁོང་གི་ལས་དོན་ཡག་པོ་མཁྱེན་གསལ་རེད། ད་བར་གཞིས་ཆགས་ནང་གྲུབ་འབྲས་བཟང་པོ་ཐོན་པ་རྣམས་ས་གནས་མི་མང་ཁྱོན་ཡོངས་ནས་འཕྱར་གྲུ་མཉམ་འདེགས་བྱེད་པར་བརྟེན་བྱུང་བ་ཞིག་ཡིན།
འདས་པའི་ལོ་ངོ་ ༥༠ ནང་ཡར་རྒྱས་ཕྱིན་པ་དང་། དེ་མིན་ཡར་རྒྱས་གཏོང་དགོས་རྒྱུ་ཐད་མ་འོངས་པར་བསམ་བློ་གཏོང་དགོས། གཞིས་ཆགས་འདི་ཉིད་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། མི་མང་གི་འཚོ་བ་དང་། ཤེས་ཡོན། འཕྲོད་བསྟེན་ལ་སོགས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན། དེའི་ཐོག་འཐུས་ཤོར་མ་འགྲོ་བར་ང་ཚོའི་འབད་བརྩོན་བྱེད་དགོས། དེ་རིང་བརྟན་བཞུགས་ཟབ་རྒྱས་འབུལ་བ་ལ་བརྟེན་ནས་ཕྲན་རང་ཉིད་ནས་མི་ཚེ་རིང་པོར་འཚོ་ཐུབ་པའི་ཡིད་ཆེས་དང་། བརྟན་པོ་ཡོད། ཚང་མ་ཐུགས་ལྷོད་པོ་ངང་ནས་བཞུགས་རོགས་གནང་། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་མཛད་སྒོ་ཐོག་བཅར་རྒྱུ་བྱུང་བར་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པའི་མཛད་སྒོར་བཅར་རྒྱུ་བྱུང་བར་སྐལ་པ་བཟང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། གོང་དུ་ས་སྐྱ་ཁྲི་འཛིན་མཆོག་གིས་མནྜལ་ལྗགས་བཤད་ནང་གསོལ་བ་བཏབ་པ་གཞིར་བཟུང་ས་སྐྱ་༸གོང་མ་ནས་༸སྐུ་ཚེ་རིང་པོ་འཚོ་ཐུབ་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་ཐོབ་པར་བརྟེན་ཧ་ལས་པ་དགའ་པོ་བྱུང་སོང་།
དེ་ཡང་མནྜལ་ལྗགས་བཤད་ནང་ཞུས་པ་ལྟར། ས་སྐྱ་གོང་མ་མཆོག་༸སྐུ་ཚེ་རིང་པོ་ག་ཚོད་གནས་རུང་བོད་བསྟན་པ་དང་རྩ་དོན། བོད་སྤྱི་པའི་ལས་དོན་ཐོག་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་ངོས་འཛིན་ཞུ་གི་ཡོད། ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ནང་གསལ་ལྟར། དགུང་ལོ་ ༡༢ སྐབས་བོད་ཁ་བ་ཅན་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞི་བཟུང་ཉམས་ལེན་དང་ཕྱག་བསྟར་གནང་སྟེ་ཕེབས་བཞིན་ཡོད། ཕྱོགས་མཚུངས་འཛམ་གླིང་ས་ཕྱོགས་གང་སར་༸ཞབས་སོར་འཁོད་སྐབས་བསྟན་པ་དར་སྤེལ་དང་། ཞི་བདེ་ཁྱབ་སྤེལ་བྱེད་བཞིན་པར་བརྟེན་རླབས་ཆེན་གྱི་བླ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
དེ་ཡང་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་མ་དགོན་དང་། བཤད་གྲྭ། མཐོ་སློབ། གཞིས་ཆགས་སྤུ་རུ་ཝ་ལ་གཙོས་པའི་ཆོས་ཚོགས་ཁག་མང་པོ་གསར་བཙུགས་གནང་བར་བརྟེན་ས་སྐྱའི་ཆོས་བརྒྱུད་དེ་བཞིན་ཇི་ལྟར་དར་སྤེལ་ཡོང་རྒྱུ་དང་། དམིགས་བསལ་ཧི་མཱ་ལ་ཡ་བལ་ཡུལ་ནང་ས་སྐྱའི་ཆོས་བརྒྱུད་དེ་བཞིན་དར་སྤེལ་དང་བོད་ནང་སླར་གསོ་བྱེད་པ་ནི་དམིགས་བསལ་གྱི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན། ཞེས་དང་།
གཞན་ཡང་དེ་སྔོན་ས་སྐྱ་ཁྲི་འཛིན་མཆོག་གི་ཁྲི་འདོན་མཛད་སྒོའི་སྐབས་དུས་ཚོད་ཀྱི་རྐྱེན་པའི་བཅར་རྒྱུ་བྱུང་མེད་སྐོར་དང་། ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ།
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡།༡༥ ཐོག་ས་སྐྱ་མ་དགོན་དུ་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་དབུ་བཞུགས་ཐོག ས་སྐྱ་ཁྲི་འཛིན་མཆོག་དང་ས་སྐྱ་བདག་མོ་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། ས་གནས་མི་མང་ལྷན་འཛོམས་ཀྱིས་ས་གནས་བུད་མེད་ཚོགས་པ་དང་སྤུ་རུ་ཝ་ལ་སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་ནས་རྟེན་འབྲེལ་མཚོན་བྱེད་གཞས་སྣ་འཁྲབ་སྟོན་གནང་སྟེ་མཛད་སྒོ་ཁག་གྲོལ་ཡོད།
སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས།
འཁོན་རིགས་བསྟན་པའི་མངའ་བདག་མཚན་མཆོག་གསུམ་ལྡན་༧དཔལ་ལྡན་ས་སྐྱ་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཁྲི་ཐོག་བཞི་བཅུ་ཞེ་གཅིག་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་ལོ་ཤས་རིང་མ་སུ་རིར་བཞུགས་འཇགས་སྐབས་དེ་སྐབས་ཡུ་པི་དང་དེང་ཨུ་ཏར་ར་ཁན་ཌེ་མངའ་སྡེའི་ཌེ་ར་ཌོན་རྫོང་ཁོངས་རཱ་ཛ་པུར་དུ་ས་དགོན་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་ཕྱག་བཏབ་རྒྱུའི་དགོངས་བཞེད་བྱུང་བ་དང་དུས་མཉམ་དུ་ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་མིས་བཙན་བཟུང་བྱས་པའི་རྗེས་བོད་དབུས་གཙང་ཆོལ་ཁའི་ཁུངས་གཏོགས་ས་སྐྱ་ཁུལ་ནས་ས་སྐྱའི་ཆོས་བརྒྱུད་ཀྱི་རྗེས་འཇུག་པ་མི་མང་བརྒྱ་ཕྲག་གང་ཙམ་ཞིག་ཕྱི་ལོ་ ༡༩༦༠ ནས་ ༡༩༦༢ ནང་ཚུན་རྒྱ་གར་དུ་བྲོས་བྱོལ་དུ་སླེབས་པ་རྣམས་དེ་སྐབས་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཡོད་པའི་ལ་ཆེན་ལ་ཆུང་སོགས་སུ་རྒྱ་གར་གྱི་ལམ་བཟོའི་ལས་སྩོལ་རྒྱུགས་བཞིན་གནས་ཡོད་པ་རྣམས་ཀྱི་ཆེད་དུ། ས་སྐྱའི་ཆོས་གཞིས་ཤིག་གསར་དུ་འཛུགས་རྒྱུའི་དགོངས་པ་འཁྲུངས་རྗེས་དེ་སྐོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དགོངས་སྐོར་ཞུས་པར་༧གོང་ས་མཆོག་ནས་དགོངས་མཐུན་དང་འབྲེལ་བཀའ་བཞེས་ཟབ་མོ་ཐོབ་པ་དང་བསྟུན། གནས་ཡུལ་རྒྱ་གར་དབུས་སའི་གཞུང་ནས་བཀའ་འཁྲོལ་ཞུ་རྒྱུ་དང་། གཞིས་ཆགས་ཚུགས་ཡུལ་ས་ཆ་འཚོལ་ཞིབ་གནང་རྒྱུ་སོགས་ཀྱི་ལས་དོན་སླད་དུས་འགོར་གང་ཙམ་བྱུང་ཡོད།
ཕྱི་ལོ་ ༡༩༦༧ ལོ་འགོ་ཙམ་ནས་ད་ལྟའི་ཨུ་ཏར་ར་ཁན་ཌི་མངའ་སྡེ་དང་ཧི་མ་ཅལ་མདའ་སྡེ་གཉིས་སུ་གཞིས་ཆགསཚུགས་ཡུལ་ས་ཆ་འཚོལ་ཞིབ་སླད་སྐུ་ཚབ་ཆེད་གཉེར་གནང་མཐར་ཕྱི་ལོ་ ༡༩༦༧ ལོའི་ལོ་མཇུག་ཙམ་དུ་ཧི་མ་ཅལ་མངའ་སྡའེི་སི་མུར་རྫོང་ཁོངས་སྤུ་རུ་ཝ་ལ་ཞེས་པའི་གྲོང་གསེབ་འདིའི་ནང་ Dhan Singh ཞེས་པའི་ས་བདག་ཅིག་ཡོད་པ་ནས་རང་གི་ས་ཆ་དང་སྡོད་གནས་ཁང་པ་བཅས་ཡོངས་རྫོགས་བཙོང་འདུན་ཡོད་པ་ཞིག་བརྙེས་སོན་བྱུང་སྟེ། ཕྱི་ལོ་ ༡༩༦༨ ལོར་ Dhan Singh ས་ནས་ཁོང་གི་སྡོད་གནས་ཁང་པ་དང་ས་ཆ་ཨེ་ཀར་ ༡༦༠ ཙམ་ཡོད་པ་ཡོངས་རྫོགས་གཞིས་ཆགས་ཚུགས་ཡུལ་དུ་ཉོས་ཏེ་ཁང་པ་དང་ས་ཆ་རྣམས་ལ་ལྟ་རྟོགས་ཆེད་བོད་མི་ཁྱིམ་ཚང་འགའ་ཤས་ཤིག་རཱ་ཛ་པུར་ནས་སྤུ་རུ་ཝ་ལར་སྔོན་དུ་འབྱོར་ཏེ་སྤུ་རུ་ཝ་ལར་གནས་སྡོད་བྱེད་འགོ་ཚུགས་ཡོད། ས་ཆ་ཉོ་རྒྱུའི་ས་རིན་དང་དེ་བཞིན་ས་གནས་སུ་མི་མང་གི་སྡོང་ཁང་གིསགཙོས་བོད་མིའི་ལག་རྒྱུན་རུམ་ཐག་བཟོ་གྲྭ་དང་། བུ་ཅོལ་ཁང། སློབ་གྲྭ། སྨན་ཁང་སོགས་གཞིས་ཆགས་ལ་དགོས་མཁོའི་འཛུགས་བསྐྲུན་ཆ་རྐྱེན་རྣམས་གསར་བསྐྲུན་སླད་ European Refugee Campaign, Swiss Aid to Tibetans, Catholic Relief Services སོགས་ནས་དེ་སྐབས་ལི་ལྡིར་ཡོད་པའི་”བོད་མིའི་བཟོ་ལས་ཚོགས་པ་”དང་དབྱིན་སྐད་དུ་ TIRS (Tibetan Industrial Rehabilitation Society) ཞེས་པ་བརྒྱུད་རོགས་རམ་བསྩལ་སྨིན་བྱུང་ཡོད། བོད་མིའི་བཟོ་ལས་ཚོགས་པ་དེ་བཞིན་དེ་སྐབས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ར་ཁན་ཌི་དང་ཧི་མ་ཅལ་མངའ་ཁོངས་སུ་ཡོད་པའི་བོད་མིའི་བཟོ་གཞིས་ཁག་གི་ཆེད་དུ་གཟིགས་རྟོགས་རོགས་སྐྱོར་གནང་རྒྱུར་དེ་སྐབས་ཆེད་བཙུགས་གནང་བ་ཞིག་ཡིན།
དེ་ཡང་ཐོག་མའི་ཆར་རྒྱ་གར་བྱང་ཕྱོགས་གོང་གསལ་མངའ་སྡེ་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་བཟོ་གཞིས་ཁག་གི་ཆེད་རོགས་སྐྱོར་གནང་རྒྱུའི་ཐུགས་འགན་གཙོ་བོ་བཞེས་མཁན་ World Council ཞེས་པའི་སྐུ་ཚབ་ཡིན་པ་སྐུ་ཞབས་ G. Brewester ནས་གནང་ཡོད། ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས། རྒྱ་གར་དབུས་གཞུང་བཅས་ལ་འབྲེལ་མོལ་རིམ་ཞུས་ཀྱིས་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་བཟོ་གཞིས་ཁག་གི་ཆེད་རོགས་འདེགས་གནང་མཁན་ TIRS ཞེས་ ༼བོད་མིའི་བཟོ་ལས་ཚོགས་པ། ༽ དེ་ཐོག་མར་ཆེད་འཛུགས་གནང་བ་ཞིག་ཡིན། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ Governing Body ཁོངས་སུ་དེ་སྐབས་རྒྱག་གར་གཞུང་ཕྱོགས་ནས་རྒྱ་གར་དབུས་གཞུང་ནང་སྲིད་དྲུང་ཆེ་དང་། རྒྱ་གར་ཕྱིད་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སོགས་གནད་ཡོད་དཔོན་རིགས་དང་། བོད་པའི་ཕྱོགས་ནས་རང་གཞུང་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་དང་ལྡི་ལི་དོན་གཅོད་སོགས་གནད་ཡོད་མི་སྣ་ཁག་ཡོད། བོད་མིའི་བཟོ་ལས་ཚོགས་པའི་གཟིགས་རྟོགས་རོགས་སྐྱོར་འོག་ཡོད་པའི་བཟོ་གཞིས་ཁག་རང་འཚོ་ཐུབ་པའི་གནས་སྟངས་ཐོག་སླེབས་སྐབས་ TIRS ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༨༠ ལོར་ཕྱིར་བསྡུ་གནང་སྟེ་སྒོ་བརྒྱབས་ཡོད།
གཞིས་ཆགས་འདི་བཞིན་ཕྱི་ལོ་ ༡༩༦༩ ཟླ་ ༧ ཚེས་ ༢༤ ཉིན་སིམ་ལར་ཡོད་པའི་ཧི་མ་ཅལ་མངའ་སྡེའི་དེབ་བསྐྱེལ་ལས་ཁུངས་སུ་དབྱིན་སྐད་དུ་ Sakya Tibetan Society དང་བོད་སྐད་དུ་ས་སྐྱ་བོད་མིའི་ཚོགས་པ་ཞེས་པའི་མིང་ཐོག་ཏུ་ཁྲིམས་མཐུན་དེབ་བསྐྱེལ་བྱུང་ཡོད། འོན་ཀྱང་སྤྱི་ཚོགས་ནང་ཀུན་གྱིས་ཡོངས་གྲགས་སུ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཞེས་བརྗོད་ཀྱི་ཡོད་པ་བཅས། །