ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས་ཉིན་སྤུ་རུ་ཝ་ལ་ས་གནས་ཀྱི་རྐང་རྩེད་སྤོ་ལོ་ཐང་ཆེན་དུ། སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་བོད་བསྟན་སྲིད་སྤྱི་དང་ཡང་སྒོས་ས་སྐྱ་བོད་མི་ཚོགས་པའི་འདི་ཉིད་ཀྱི་ཆེད་དུ་ཐུགས་ཁུར་དང་སྐུ་ལས་ཚད་མེད་གནང་བར་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་ས་སྐྱ་བོད་མིའི་ཚོགས་པར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་དང་བཀའ་དྲིན་ཆེ་ཞུ་རྒྱུའི་མཛད་སྒོ་ཞིག་བསྐོང་འཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་ཀྱི་རྐང་རྩེད་སྤོ་ལོ་ཐང་ཆེན་དུ་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ས་སྐྱ་ཁྲི་འཛིན་མཆོག ས་སྐྱའི་བདག་མོ་རྣམ་པ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་གྲོས་ཚོགས་འཐུས་མི་སྐུ་ཞབས་སུཁ་རཱམ་ཅོ་དི་རི་ Sukh Ram Chaudhary མཆོག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དམིགས་བསལ་སྐུ་མགྲོན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། འཕགས་བོད་མཛའ་འབྲེལ་ཆོགས་པའི་ཚོགས་གཙོ་སྐུ་ཞབས་ Dr. Madan Lal Khurana མཆོག་གིས་གཙོས་དྲུང་ཆེ་ Shri Gita Ram Thakur མཆོག མཁན་པོ་བླ་སྤྲུལ་རྣམ་པ། སྐྱབས་གནས་དགེ་འདུན་གྱི་སྡེ། ས་གནས་འགོ་འཛིན་ཟུར་པ་རྣམ་པ།
དེ་བཞིན་ཁུལ་དེའི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་དང་། ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་དང་མི་མང། ཁུལ་དེའི་རྒྱ་གར་གནད་ཡོད་མི་སྣ། ཕྱི་ནང་གྱི་གསར་འགོད་ཁག་གཅིག་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ཙམ་ཚང་འཛོམས་ཀྱིས་ཐོག་མར་ས་གནས་འགོ་འཛིན་དོན་ཁང་དབང་རྒྱལ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་ད་བར་ས་སྐྱ་བོད་མིའི་ཚོགས་པ་དེ་ཉིད་ཀྱི་ཆེད་དུ་སྐུ་ལས་ཚད་མེད་གནང་བར་མི་མང་གི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་དང་ཐུགས་རྗེ་ཞུས་པ་དང་དུས་མཚུངས་རྒྱ་གར་གཞུང་མང་གཉིས་ལའང་ཐུགས་རྗེ་ཆེ་ཞུས་འདུག
དེ་ནས་སི་མོར་རྫོང་ཁོངས་འཕགས་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གི་ཏ་རཱམ་ཐཱ་ཀུར Gita Ram Thakur ལགས་ཀྱིས་འདི་གར་མཛད་སྒོའི་ཐོག་ཕེབས་པའི་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་གཙོས། ས་སྐྱ་ཁྲི་འཛིན་མཆོག དེ་བཞིན་སྐུ་མགྲོན་དང་། ས་གནས་མི་མང་རྣམས་ལ་ཐོག་མར་ས་སྐྱ་སྤུ་རུ་ཝ་ལ་བོད་མིའི་གཞིས་ཆགས་དེ་བཞིན་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བར་འཚམས་འདྲི་གྲངས་མེད་ཞུས། དེ་ཡང་ཁོང་གིས་”ཕྲན་རང་ཉིད་ལྟ་བུར་མཚོན་ན་ལོ་ ༣༤ རིང་སིར་མོར་རྫོང་ཁུལ་གྱི་བོད་མིའི་གཞིས་ཆགས་དང་ལྷན་དུ་འབྲེལ་བ་གཏིང་ཟབ་བྱས་དང་བྱེད་མུས་ཡིན་པ་དང་། ཁུལ་འདིའི་བོད་མི་དང་ས་གནས་མི་མང་དབར་ཕན་ཚུན་མཐུན་སྒྲིལ་ཧ་ཅང་ཡག་པོར་གནས་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་རྣམ་གཉིས་ཀྱི་ཐུགས་རྗེའི་བྱིན་རླབས་དང་བཀའ་དྲིན་ལ་བརྟེན་ནས་ད་ཆ་ཧི་མཱ་ཅལ་མངའ་སྡེ་དེ་བཞིན་འཛམ་གླིང་ནང་གྲགས་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད།
དེ་རིང་འདིར་མཛད་སྒོར་བཅར་རྒྱུ་བྱུང་བར་བསྐལ་བ་ཧ་ཅང་བཟང་པོ་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད། སླར་ཡང་སྐུ་ཉིད་ཀྱིས་གཙོས་སྐུ་མགྲོན་རྣམས་དང་། མི་མང་རྣམས་ལ་འཚམས་འདྲི་གྲངས་མེད་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་སྐུ་ཞབས་མ་ཌན་ལཱལ་ཁུ་རཱ་ན་ Dr. Madan Lal Khurana མཆོག་གིས་གསུང་བཤད་གནང་དོན།
“དེ་རིང་འདིར་དཔལ་ས་སྐྱ་ཁྲི་ཆེན་མཆོག་གི་སྐུ་མདུན་དུ་གཏམ་བཤད་བྱ་རྒྱུའི་གོ་སྐབས་བཟང་པོ་བྱུང་བར་བསྐལ་པ་བཟང་པོ་དང་བསོད་ནམས་ཆེན་པོ་ཞིག་ཡིན་བསམ་པ་དྲན་བཞིན་ཡོད། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། ས་སྐྱ་ཁྲི་ཆེན། དེ་བཞིན་བླ་སྤྲུལ་དང་སྐྱེས་ཆེན་དམ་པ་མང་པོ་ཡོད་པ་ནི་བོད་མིའི་བསོད་ནམས་ཀྱི་བགོ་སྐལ་རེད། ཅེས་སོགས་གསུངས།
དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་དོན། “དེ་རིང་གཞིས་ཆགས་སྤུ་རུ་ཝ་ལ་དེ་བཞིན་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་ལོ་ ༥༠ འཁོར་བའི་མཛད་སྒོའི་ཉིན་གཉིས་པའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། སྐྱབས་གནས་དགེ་འདུན་གྱི་སྡེ་ལ་གུས་འདུད་དང་བཅས་འཚམས་འདྲི་ཞུ་རྒྱུ་ཡིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་གཞིས་ཆགས་འདི་ཉིད་ལམ་ལྷོངས་ལྡན་པ་བྱུང་ཡོད།
ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར། ས་སྐྱ་གོང་མ་ཁྲི་ཆེན་མཆོག་གི་དུས་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་ཉམས་ལེན་གནང་དང་གནང་མུས་རེད། ང་ཚོའི་ངོས་ནས་ས་སྐྱ་གོང་མ་ཁྲི་ཆེེན་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་བྱས་རྗེས་རྣམས་ནམ་ཡང་རྗེད་མི་རུང་། དེ་རིང་འདི་གར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས། འཕགས་བོད་གཉིས་ཀྱི་འབྲེལ་ལམ་དེ་བཞིན་ཕྱི་ལོ་ ༡༩༥༩ ཙམ་ནས་མིན་པར་དེ་སྔོན་ནས་འབྲེལ་བ་གཏིང་ཟབ་ཡོད་པ་ནི་ལོ་རྒྱུས་སུ་གྲགས་ཡོད། ཅེས་དང་། གཞན་ཡང་བཀའ་བློན་མཆོག་གིས་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་དང་། དེ་བཞིན་རྡ་རམ་ས་ལར་ལྔ་དང་ལྔ་བཅུའི་ཚོགས་ཆེན་མི་འདྲ་བ་ཁག་གསུམ་ཚོགས་ཡོད་སྐོར་། བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་འབོད་སྐུལ་ཡང་གནང་ཡོད། གསུང་བཤད་གནང་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་ཆགས་ཀྱི་བྱུང་རིམ་ངོ་སྤྲོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་གྲོས་ཚོགས་འཐུས་མི་སྐུ་ཞབས་སུཁ་རཱམ་ཅོ་དི་རི་ Sukh Ram Chaudhary མཆོག་གིས་ཁུལ་དེའི་བོད་མི་དང་ས་གནས་མི་མང་གཉིས་དབར་ཕན་ཚུན་མཐུན་སྒྲིལ་ཡོད་པ་དང་། ཁོང་གིས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུས་བསྟུན། དཔལ་ས་སྐྱ་གོང་མ་ཁྲི་ཐོག་ ༤༡ སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། ས་སྐྱ་ཁྲི་འཛིན་ ༤༢ ཆེན་པོ་མཆོག སྐྱབས་མགོན་འཁོན་གདུང་ཛྙཱན་བཛྲ་རིན་པོ་ཆེ་མཆོག རྒྱལ་ཡུམ་ཆེན་པོ་བཀྲ་ཤིས་ལྷ་སྐྱིད་མཆོག་རྣམ་པ་བཅས་ལ་ས་གཞིས་མི་སེར་འགོ་མང་ཐུན་མོངས་ནས་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ།
དེ་ནས་དཔལ་ས་སྐྱ་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་དོན། “ཐོག་མར་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་ཞུ་རྒྱུ་ཡིན། གཞིས་ཆགས་ཀྱི་ལོ་རྒྱུས་སྐོར་གོང་དུ་གསུང་ཟིན་པར་བརྟེན་དམིགས་བསལ་ཞུ་རྒྱུ་མེད། ཕྱོགས་གཅིག་ནས་ངོས་རང་ཁྲི་འཛིན་གྱི་ལས་ཁུར་དེ་བཞིན་ད་ཆ་མཚམས་བཞག་ཟིན་པ་དང་། གཞིས་ཆགས་བཙུགས་དགོས་དོན་ནི། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆོས་བརྒྱུད་རིས་སུ་མ་ཆད་པ་རྣམས་འདུ་འཛོམས་ཀྱིས་ཆོས་ཚོགས་ཞིག་སྐོང་ཚོགས་གནང་ཡོད། སྐབས་དེར་གྲོས་ཆོད་ཞིག་གཏན་འབེབས་བྱུང་བ་ནང་གསལ་ལྟར། གཞིས་ཆགས་གསར་འཛུགས་གནང་རྒྱུའི་ཐོག་ལ་ཕྲན་རང་ཉིད་ཙམ་མ་ཟད། མི་མང་པོས་ལས་གཞི་དེའི་ཐོག་སྐུ་ལས་བསྐྱོན་ཡོད། ཁ་སང་ངས་བཤད་པ་ལྟར། འགན་འཛིན་དང་པོ་འཐུ་སྟོབས་སྤྲུལ་སྐུ་ལགས་ཀྱིས་གཞིས་ཆགས་ཀྱི་ས་ཆ་འཚོལ་ཞིབ་དང་། སྐབས་དེར་ཁོང་དང་ལྷན་འབྲེལ་ཡོད་ལས་བྱེད་གཅིག ཁ་ལོ་པ་བཅས་ས་གནས་ཀྱི་ལས་དོན་སླད་ལྡི་ལིར་ཕྱོགས་བསྐྱོད་འགྲོ་སྐབས་རླངས་འཁོར་རྡབ་སྐྱོན་བྱུང་བའི་རྐྱེན་གྱིས་གློ་བུར་དུ་འདས་གྲོངས་སུ་གྱུར་བ་རེད། “ཅེས་དང་། ་
གཞན་ཡང་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སློབ་སྦྱོང་ཟེར་བ་དེ་གང་ཟག་རང་ཉིད་ཙམ་ལ་ཕན་པ་ཙམ་དུ་མ་ཟད། བོད་སྤྱི་དང་ལྷག་པར་གཞུང་ལ་ཞབས་འདེགས་ཞུ་ཐུབ་པར་བརྟེན་གཞོན་སྐྱེས་ཚོས་སློབ་ཐོག་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་གནང་། དེ་རྗེས་འཕགས་བོད་གཉིས་ཀྱི་སྐུ་མགྲོན་རྣམས་ལ་ལྔ་བཅུའི་དྲན་རྟེན་ཕྱག་རྟགས་རེ་གནང་སྟེ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
མཐར་གཞིས་ཆགས་ཚོགས་པའི་འགན་འཛིན་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུངབཤད་གནང་སྟེ་མཛད་སྒོ་དེ་བཞིན་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །