ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲི་ལི་ཡ་རྒྱལ་ཁབ་ཀྱི་ ༢༠༡༩ ལོའི་རིག་གཞུང་སྣ་མང་དུས་ཆེན་ཐེངས་ཉེར་གསུམ་པ་དེ་བཞིན་ཕྱི་ཟླ་ ༢ ཚེས་ ༡༥ ནས་ ༡༧ བར་རྒྱལ་ས་ཁེན་བྷེ་རར་འཚོགས་ཡོད་པ་དང་། སྙན་གྲགས་ཅན་གྱི་དུས་ཆེན་དེའི་ཐོག་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་མཉམ་ཞུགས་ཞུས་ཏེ། རོ་བཅུད་ལྡན་པའི་བོད་ཀྱི་ཞལ་ལག་དང་། གཞས་སྣ་འཁྲབ་སྟོན། བོད་ཀྱི་ནང་ཆོས་དང་རིག་གཞུང་འགྲེམ་སྟོན་སོགས་ལས་འགུལ་སྣ་མང་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ཕྱི་ཟླ་ ༢ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ནས་རིག་གཞུང་སྣ་མང་དུས་ཆེན་ཐོག་མོག་མོག་ཚོང་འགྲེམས་ཀྱི་ལས་འགུལ་སྤེལ་ཏེ། འཛམ་གླིང་མི་རིགས་འདྲ་མིན་གྱི་ཞལ་ལག་འགྲེམས་སྟོན་གྱི་སྡིངས་ཆ་ཆེན་པོའི་ཐོག་བོད་ཀྱི་མོག་མོག་ཅེས་པའི་མཚན་སྙན་གྱི་བ་དན་ཕྱོགས་བཞིར་ཁྱབ་སྟེ། ཚང་མས་འཚང་ཁ་ཤིག་ཤིག་ངང་བང་སྒྲིག་སྟེ་མོག་མོག་ཉོས་པའི་བཀྲིས་པའི་ཚུལ་བཟང་དེས་བོད་རིགས་མཐུན་ཚོགས་ལ་ཡོང་འབབ་ཀྱི་དགེ་མཚན་དང་། བོད་ཀྱི་ཞལ་ལག་དང་བོད་ཀྱི་སྤྱི་ཚོགས་ཁྱབ་བསྒྲགས། རྒྱ་མི་ཚོས་རྒྱ་མིའི་པའོ་ཙིའམ་ཅའོ་ཙེ་ཡིན་ལུགས་ཕྲག་དོགས་ཀྱི་སྨྲེ་ངག་འདོན་དགོས་པ་སོགས་གཅིག་གོ་གསུམ་ཆོད་ཀྱི་ལས་དོན་འགྲུབ་ཡོད།
ཕྱི་ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་བོད་རིགས་མཐུན་ཚོགས་ཀྱི་ཕོ་གསར་མོ་གསར་ཚོ་ནས་བོད་ཀྱི་ཐུན་མིན་ཕྱུ་པ་གཟབ་མཆོར་སྤྲས་ཏེ། འཛམ་གླིང་མི་རིགས་འདྲ་མིན་གྱིས་སོ་སོའི་ཁྱད་ཆོས་ལྡན་པའི་གཞས་སྣ་དང་ཞབས་བྲོ་འཁྲབ་སའི་སྡིངས་ཆ་ཆེན་མོར། བཀྲ་ཤིས་ཤོད་པ་དང་། ཆོལ་གསུམ་གཞས་སྣ་ཁག་འཁྲབ་སྟོན་བྱས་ཏེ། གཏིང་ཟབ་ལ་ཕུན་སུམ་ཚོགས་པའི་འཁྲབ་གཞུང་དང་། ཉམས་མཚར་མཛེས་སྡུག་ལྡན་པའི་བོད་མིའི་སྤྱོད་ཚུལ་ཡོངས་སུ་ངོམས་པར་དགའ་བསུའི་ཐལ་སྒྲ་འབྲུག་སྒྲ་གྲགས་པ་ལྟར་ཐོབ།
ཕྱི་ཚེས་ ༡༧ རེས་གཟའ་ཉི་མའི་ཉིན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཨོ་གླིང་གཞུང་གིས་བགོ་འགྲེམས་གནང་བའི་གུར་ཁྱིམ་ལ་ཤམ་བུ་དང་། གོས་ཅན་གྱི་མཐའ་རྒྱན། ས་གདན་སོགས་བོད་ལུགས་ཀྱི་བཟོ་ལྟ་བཀོད་ལེགས་སྒྲིག་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་གཡས་གཡོན་ལ་ཐང་ཀ་སྣ་རིགས་གཤམས་པ་དང་། མདུན་ཅོག་སྟེང་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་དང་པོ་ཏི། དེའི་མདུན་ལ་ཡོན་ཆབ་ཕུལ་བའི་བོད་པའི་ཁྱིམ་ཚང་གི་ཉིན་རེའི་འཚོ་བའི་རྣམ་པ་སྟོན་པ་དང་ཆབས་ཅིག བརྙན་འཕྲིན་ནང་དུ་༸གོང་ས་མཆོག་གིས་ཨིན་ཡིག་ཐོག་གསུང་ཆོས་གནང་བ་ཁག་ཉིན་གང་སྟོན་པ་དང་། གཞན་ཡང་༸གོང་ས་མཆོག་གི་ཕྱག་དེབ་ཁག་ཅིག་དང་། བོད་ཀྱི་ནང་ཆོས་དང་ཁོར་ཡུག་དང་འབྲེལ་བའི་ཨིན་དེབ་ཁག དོན་ཁང་ནས་པར་སྐྲུན་ཞུས་པའི་ཨོ་སི་ཀྲི་ལི་ཡ་དང་ནིའུ་ཛི་ལེན་ཌིར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ངོ་སྤྲོད་དཔེ་དེབ། བོད་དོན་དང་འབྲེལ་བའི་དྲྭ་གནས་ཁག་གི་ཁ་བྱང་། རྒྱ་ཡིག་ནང་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་གྲུབ་འབྲས་ཞེས་པའི་དེབ་སོགས་རིན་མེད་ཐོག་འགྲེམས་སྤེལ་ཞུས་པ་མ་ཟད། འབྲེལ་ཡོད་དོ་དབྱིངས་ཅན་རྣམས་ལ་དོན་གཅོད་མཚོ་སྒོ་ལྷག་པ་མཆོག་དང་ལས་བྱེད་གཉིས་ཀྱིས་ངག་ཐོག་ནས་ཀྱང་འགྲེལ་བརྗོད་ཞུས་ཏེ། བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་ཚད་དང་ལྡན་པ་ཞིག་སྤེལ་ཐུབ་ཡོད།
ཨོ་གླིང་རིག་གཞུང་སྣ་མང་བློན་ཆེན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྣ་མང་རིག་གཞུང་ནི་རྒྱལ་ས་ཁེན་བྷེ་རའི་ཁྱད་ཆོས་གཙོ་བོ་ཡིན་ཞིང་། གྲོང་ཁྱེར་འདི་ནི་རྒྱལ་ཁབ་དང་ས་ཁུལ་ ༡༧༠ ལྷག་ནས་ཕེབས་པའི་ཡུལ་མིའི་གྲུབ་པ་ཞིག་ཡིན་པ་དང་། ད་ཐེངས་ཀྱི་རིག་གཞུང་སྣ་མང་དུས་ཆེན་དེར་མི་རིགས་འདྲ་མིན་གྱི་འཁྲབ་སྟོན་པ་ ༢༠༠༠ ལྷག་གིས་འཁྲབ་སྟོན་དང་། གུར་ཁྱིམ་ ༣༠༠ ལྷག་གི་ནང་དུ་མི་རིགས་འདྲ་མིན་གྱི་ཞལ་ལག་འགྲེམས་ཚོང་བྱེད་འདུག་པའི་གནས་ཚུལ་དུ།