༢༠༡༩ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །རྒྱ་ནག་ནང་ཏུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་གསར་འགོད་པ་གྲངས་ ༢༠༤ ཡོད་པ་རྣམས་ལ་རེ་རེ་བཞིན་རྒྱ་ནག་ནང་དུ་ཕྱི་རྒྱལ་གསར་འགོད་པ་ཚོར་རང་དབང་ཇི་ཙམ་ཐོབ་བཞིན་ཡོད་མེད་ཞིབ་འཇུག་གནང་སྐབས། ཉེ་ལམ་ནས་བཟུང་རྒྱ་ནག་ནང་དུ་ཕྱི་རྒྱལ་གསར་འགོད་པའི་རང་དབང་ཐོག་དམ་བསྒྲགས་ཆེ་ཤོས་དང་། དམ་བསྒྲགས་གི་གནས་སྟངས་ཐབས་སྡུག་ཤོས་ཤིག་ད་ཆ་རྒྱུན་ལྡན་ལྟ་བུ་ཆགས་ཡོད་པ་གསལ་རྟོགས་བྱུང་འདུག མཐུན་ཚོགས་ཀྱིས་རྟོག་ཞིབ་སྙན་ཐོ། ༼རྒྱ་ནག་གི་ལྟ་སྲུང་ནན་པོའི་འོག་ནས་གསར་འགྱུར་སྤེལ་ཐབས།༽ ཞེས་པའི་ནང་དུ་ཕྱི་རྒྱལ་གསར་འགོད་པ་བརྒྱ་ཆ་ལྔ་བཅུ་ང་ལྔས་ ༥༥ གསར་འགོད་པའི་ལས་དོན་ཐོག་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་རྒྱུ་དེ་ལོ་རེ་བཞིན་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་དམ་བསྒྲགས་ཆེ་རུ་ཕྱིན་འདུག་ཟེར་མཁན་ཕྱི་རྒྱལ་གསར་འགོད་པ་བརྒྱ་ཆ་མང་ཤོས་དང་། ཕྱི་ལོ་ ༢༠༡༠ ལས་བརྒྱ་ཆ་བཅུ་འཕར་བ་བྱུང་འདུག ཕྱི་ལོ་ ༢༠༡༨ ལོར་གནས་སྟངས་དེ་མུར་ལྷག་པ་མ་གཏོགས་ཡར་རྒྱས་ཕྱིན་འདུག ཟེར་མཁན་ཕྱི་རྒྱལ་གསར་འགོད་པ་སུ་གཅིག་ཀྱང་བྱུང་མེད།
ཞིབ་འཇུག་དེ་སྔ་ལོའི་ཕྱི་ཟླ་ ༡༢ ནང་བྱས་འདུག ཞིབ་འཇུག་བྱེད་ཡུལ་པེ་ཅིང་དུ་གནས་སྡོད་ཕྱི་རྒྱལ་གསར་འགོད་པ་ ༢༠༤ ཡོད་ཁོངས་ནས་གསར་འགོད་པ་༡༠༩ རྒྱལ་ཁབ་མི་འདྲ་བ་ ༣༡ ནས་ཡིན་ཞིང་། དེའི་ཁར་ཞིབ་འཇུག་གི་ཆ་ཤས་སུ་རྒྱལ་སྤྱིའི་གསར་འགྱུར་ཚན་པ་དགུའི་གསར་འགོད་འགན་འཛིན་པ་ཚོར་རྒྱ་ནག་ནང་དུ་ཕྱི་རྒྱལ་གསར་འགོད་པ་ཚོར་རང་དབང་ཇི་ཙམ་ཡོད་མེད་འདྲི་རྩད་ནན་པོ་གནང་འདུག
དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་གསར་འགོད་འགན་འཛིན་ཞིག་གིས། “ཕྱི་ལོ་ ༢༠༡༡ ལོར་ཏུ་ནི་ཤི་ཡའི་ནང་མི་མང་གྱེན་ལངས་བྱུང་བའི་གནས་ཚུལ་ལྟ་བུ་དམིགས་བསལ་ཡིན་པ་མ་གཏོགས། དེ་མིན་ཉིན་རེ་ཉིན་རེའི་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ནི་དེ་སྔ་ལོ་ངོ་ཉི་ཤུའི་གོང་གི་གནས་སྟངས་ལས་སྡུག་པ་དང་། ཛ་དྲག་ཏུ་འགྲོ་བཞིན་འདུག དེ་སྔ་ཡིན་ན་དམ་བསྒྲགས་བྱས་པའི་གནས་ཚུལ་དང་བྱེད་དགོས་དོན་རྒྱུ་མཚན། དེ་རྗེས་དམ་བསྒྲགས་མཚམས་འཇོག་ཡོང་རྒྱུ་རེད་བསམ་པ་བསམ་བློའི་ནང་གདེང་ཚོད་སླེབ་ཐུབ་ཀྱང་། ད་ཆ་དེ་ཙམ་ཞིག་ཀྱང་ཤེས་རྟོགས་ཐུབ་ཐབས་བྲལ། དེར་བརྟེན་ད་ལྟའི་ཆར་རྒྱ་ནག་ནང་དུ་གནས་ཚུལ་ཇི་བྱུང་གསར་འགོད་པས་ཤེས་རྟོགས་ཙམ་ཡང་མ་ཐུབ་པའི་གནས་སྟངས་གསར་པ་ཞིག་རྒྱུན་ལྡན་ལྟ་བུ་ཆགས་འདུག”ཅེས་གསུངས།
གཞན་ཡང་ཞིབ་འཇུག་བྱས་པའི་སྙན་ཐོ་དེའི་ནང་དུ། བོད་དང་ཡུ་གུར་ལྟ་བུ་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཆེན་པོ་ཡོད་སར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ཟེར་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་ར་སྤྲོད་བྱུང་འདུག སྤྱིར་རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་གཞུང་གིས་ལམ་སྟོན་འོག་རྒྱ་ནག་གི་ས་ཁུལ་གཞན་གང་དུའང་བསྐྱོད་ཆོག་ཀྱང་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཡུ་གུར་ནང་རྩ་བ་ཉིད་ནས་བསྐྱོད་མི་ཆོག་པ་རེད།
ཕྱི་རྒྱལ་གསར་འགོད་པ་བརྒྱ་ཆ་ཞེ་བརྒྱད་ ༤༨ ཀྱིས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་མི་དང་འཕྲུལ་ཆས་གཉིས་ཀྱིས་ཐོག་ནས་ལྟ་སྲུང་ནན་པོ་བྱེད་བཞིན་པ་བཤད། དཔེར་ན་གསར་འགོད་པ་དེ་དག་ཕྱི་རུ་གནས་ཚུལ་མཁོ་སྒྲུབ་ཆེད་སྐྱོད་སྐབས་མགྲོན་ཁང་དུ་རྒྱ་མིའི་ལྟ་སྲུང་མི་སྣ་ཡོང་ནས་གསར་འགོད་པའི་ཆོག་མཆན་དང་ཤེས་རྟོགས་མེད་པར་ཅ་ལག་སྔོག་གཤེར་སོགས་བྱེད་ཚུལ་ར་འཕྲོད་བྱུང་འདུག གསར་འགོད་པ་བརྒྱ་ཆ་དགུ་བཅུ་གོ་གཅིག་ ༩༡ གིས་རང་གི་ལག་ཐོག་ཁ་པར་ནང་རྒྱ་ནག་གཞུང་གིས་སིམ་འཛུལ་བྱས་ཏེ་ཉེན་ཚབས་བཟོ་རྒྱུར་འཇིགས་སྣང་དང་སེམས་འཁྲལ་བྱས་པ་མ་ཟད། གསར་འགོད་པ་བརྒྱ་ཆ་ཉི་ཤུ་རྩ་གཉིས་ ༢༢ཀྱིས་རྒྱ་ནག་གཞུང་གིས་ཁོང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་སོ་ཉུལ་བྱས་པ་བརྒྱུད་སུན་གཙེར་སྣ་ཚོགས་བཟོ་བཞིན་པ་བཤད།
སྤྱིར་ད་ལྟའི་ཆར་གསར་འགོད་པ་མང་ཤོས་བཙོན་དུ་འཇུག་མཁན་རྒྱལ་ཁབ་ནི་ཊར་ཀི་ Turkey ཡིན་ཞིང་། ཨང་གཉིས་པ་རྒྱ་ནག་རེད། དེ་ཡང་གསར་འགོད་སྲུང་སྐྱོབ་ཚོགས་པས་སྙན་ཐོ་བཏོན་པའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ལོ་མཇུག་ཙམ་དུ་རྒྱ་ནག་གཞུང་གིས་གསར་འགོད་པ་གྲངས་ཞེ་བདུན་༤༧ བཙོན་འཇུག་བྱས་ཡོད་འདུག ལྷག་པར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་དུ་འཛམ་གླིང་ནང་གསར་འགོད་རང་དབང་ཞན་ཤོས་ཡོད་པའི་ཐོ་གཞུང་ ༡༨༠ ཡོད་ཁོངས་ནས་རྒྱ་ནག་ ༡༧༦ ཡིན་འདུག
བོད་རང་སྐྱོང་ལྗོངས་དང་ཡུ་གུར་ནང་ཁྲིམས་འགལ་གྱིས་གསར་འགོད་པ་ཕྱིར་འབུད་དང་སུན་གཙེར་བཟོས་པ།
ཕྱི་ལོ་ ༢༠༡༨ ལོར་གསར་འགོད་པ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་སུན་གཙེར་དང་དཔུང་ཤུགས་ཀྱིས་ལས་དོན་ཐོག་འགོག་རྐྱེན་བཟོས་པའི་གནས་ཚུལ་མང་པོ་ཐོན་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༢ ནང་ཨ་རི་ནིའུ་ཡོག་གསར་འགོད་པ་སི་ཊི་ཝེན་ལི་མེ་ཡར་ Steven Lee Myers ལགས་ཀྱིས་བོད་དཀར་མཛེས་རྫོང་གསར་དགོན་པ་ནས་གནས་ཚུལ་མཁོ་བཏོང་གནང་བཞིན་པའི་སྐབས་དེར་གློ་བུར་དུ་རྒྱ་མིའི་ཉེན་རྟོག་པས་ཁོང་དང་པར་པ་བཅས་བཙན་འཁྲིད་བྱས་ཏེ་ཉེན་རྟོག་ལས་ཁུངས་སུ་ཆུ་ཚོད་ ༡༧ བཀག་ཉར་བྱས་པ་མ་ཟད། མཐར་ས་གནས་ནས་ཕྱིར་འབུད་བཏང་འདུག གསར་འགོད་པས་ཕྱིས་སུ་རྩོམ་ཡིག་གཅིག་སྤེལ་བའི་ནང་དུ། “རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པ་དེར་རྒྱ་ནག་གཞུང་ལ་གདེང་ཚོད་གསར་པ་ཞིག་སླེབ་བཞིན་ཡོད་པའི་རྣམ་འགྱུར་འདོན་བཞིན་ཡོད་ཀྱང་། ཉེན་རྟོག་ལས་བྱེད་པ་ཚོས་གསར་འགོད་པར་དམ་བསྒྲགས་བྱེད་སྟངས་དེ་ལས་རྒྱལ་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་བརྡལ་འགྲོ་རྒྱུ་རེད་བསམས་པའི་དངངས་སྐྲག་ཡོད་པའི་རྣམ་འགྱུར་གསལ་པོ་མཐོང་ཐུབ་པ་བྱུང་། ད་ཆ་བོད་རང་སྐྱོང་ལྗོངས་སུ་ཆོག་མཆན་མ་ཞུས་པར་གསར་འགོད་པ་སུ་གཅིག་ཀྱང་བསྐྱོད་ཐབས་བྲལ་བ་ཞིག་རེད། “ཅེས་འཁོད།
ཕྱོགས་མཚུངས་ ༢༠༡༨ ཟླ་ ༣ ནང་ཕ་རན་སིའི་ལེ་མོན་ཌེ་ Le Monde གསར་འགྱུར་ཚན་པའི་སྤྱི་ཁྱབ་འགན་འཛིན་བྷ་ར་ཡི་སི་པེཌ་རོ་ལེ་ཊི་ Brice Pedroletti ལགས་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་དུ་གནས་ཚུལ་མཁོ་སྒྲུབ་གནང་སྐབས་ཐེངས་མང་གཞུང་གི་ས་གནས་ཉེན་རྟོག་མི་སྣས་ “རོགས་པ་” ཡིན་ཁུལ་བྱས་ནས་རྗེས་དེད་བཏང་འདུག སྤྱི་ཁྱབ་འགན་འཛིན་ནས་རོགས་པ་མི་དགོས་པའི་གསལ་བཤད་ཇི་ཙམ་གནང་ཡང་ཉེན་རྟོག་མི་སྣ་དེ་དག་ཁོང་ལ་མུ་མཐུད་རྗེས་དེད་བཏང་འདུག
དེ་བཞིན་ཕྱི་ཟླ་ ༡༠ ནང་གོ་ལོབ་དང་མེལ་ Globe and Mail ཞེས་པའི་གསར་འགྱུར་ཚན་པའི་གསར་འགོད་པ་ནཱ་ཏན་ཝན་ཌར་ཀི་ལིབ་པེ་Nathan VanderKlippe ལགས་ཡུ་གུར་ནང་རླངས་འཁོར་ནང་ཕེབས་སྐབས་རྒྱ་མིའི་ཉེན་རྟོག་མི་སྣ་ཁོང་ལ་རྒྱང་ཐག་ཀི་ལོ་མི་ཊར་ ༡༦༠༠ ལྷག་རླངས་འཁོར་གཞན་ཞིག་ནང་འཛུལ་ནས་རྗེས་དེད་བཏང་བ་མ་ཟད། ཁོང་ས་གནས་སུ་བསྐོར་སྐྱོད་སྐབས་ཉུང་མཐར་རླངས་འཁོར་དགུ་དང་སྐྱ་ཆས་སྤྲས་པའི་ཉེན་རྟོག་མི་སྣ་ཉི་ཤུ་ཙམ་གྱིས་རྟག་ཏུ་རྗེས་དེད་བཏང་འདུག སྐབས་དེར་རྒྱ་གཞུང་ལས་བྱེད་པ་གཅིག་གིས་མི་སྣ་དེ་དག་ཆེད་མངགས་གསར་འགོད་པ་ཁོང་ལ་མཐུན་འགྱུར་གནང་མཁན་ “རོགས་པ་རེད་”ཅེས་ཟེར་འདུག ཐོག་མའི་ཆར་གསར་འགོད་པ་ཁོང་ལ་མོ་ཊ་བརྡབ་པའི་དོན་རྐྱེན་ཞིག་ལས་གཡོལ་ཆེད་རླངས་འཁོར་བཏང་ནས་བྲོས་ཚུལ་བཤད་པ་མ་ཟད། གསར་འགོད་པ་ཁོང་གིས་གཞུང་ལམ་ཐོག་རླངས་འཁོར་གཏོང་སྐབས་གཞུང་ལམ་གྱི་ཁྲིམས་ལུགས་གཏོར་བཤིག་བཏང་བ་སོགས་ཉེས་མིང་སྣ་ཚོགས་བཀལ་ཡང་ཕྱིས་སུ་ཉེས་པ་གང་ཡང་མེད་ཚུལ་བཤད་ནས་བརྩི་མེད་བཏང་འདུག
གསར་འགོད་པའི་མཐོང་མཆན་ལ་ཁྱད་གསོད་དང་མཐོང་མཆན་འཕར་འགྱངས་ཞུ་སྐབས་ཆེད་མངགས་དུས་ཚོད་ནར་འགྱངས་བྱས་པ།
དེ་ཡང་སྙན་ཐོའི་ནང་གསལ་ལྟར་ན། གསར་འགོད་པས་རྒྱ་ནག་གཞུང་གི་འདོད་བབ་དང་མི་མཐུན་པའི་གནས་ཚུལ་རིགས་བཀོད་པར་སྙད་དེ་གསར་འགོད་པའི་མཐོང་མཆན་འཕར་འགྱངས་མ་བྱས་པའམ་འཕར་འགྱངས་བྱ་རྒྱུ་ཕྱི་བཤོལ་བྱས་པ། མཐོང་མཆན་སྤྲད་ཀྱང་དུས་ཚོད་ཧ་ཅང་ཉུང་ངུ་ལས་མ་སྤྲས་པ་སོགས་བྱས་ཡོད། དེ་ཡང་བྷ་ཛི་ཕིཌ་Buzzfeed ཞེས་པའི་གསར་འགྱུར་ཚན་པའི་སྤྱི་ཁྱབ་འགན་འཛིན་ལྕམ་མེ་ག་རཱ་ཇ་གྷོ་པ་ལན་Megha Rajagopalan ལགས་ཀྱི་གསར་འགོད་པའི་མཐོང་མཆན་དུས་ཚོད་འཕར་འགྱངས་མ་བྱས་སྟབས་རྒྱ་ནག་ནས་ཕྱིར་ཐོན་དགོས་བྱུང་བ་རེད། མཐོང་མཆན་འཕར་འགྱངས་མ་བྱས་པ་དེར་རྒྱུ་མཚན་གསལ་བཤད་གང་ཡང་བྱས་མེད། ལྕམ་མེ་ག་རཱ་ཇ་གྷོ་པ་ལན་Megha Rajagopalan ལགས་ལ་མཚོན་ན་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ཨེ་ཤི་ཡའི་ཁྱོན་དུ་གནས་ཚུལ་གང་བྱུང་བ་རྣམས་ཞིབ་རྒྱས་གནས་ཚུལ་མཁོ་འདོན་གནང་ཡོད། ལྷག་པར་ཡུ་གུར་ནང་རྒྱ་ནག་གཞུང་གི་ལྟ་སྲུང་འཕྲུལ་ཆས་ཕོན་ཆེ་འཛུགས་སྐྲུན་ཐོག་དམ་བསྒྲགས་ཧ་ཅང་བྱས་པའི་གནས་ཚུལ་མཁོ་བསྒྲུབ་གནང་བ་དེར་༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་གི་གསར་འགོད་པའི་གཟེངས་རྟགས་Human Rights Press Awards ཀྱང་ཐོབ་མྱོང་ཡོད།
དེ་ཡང་རྒྱ་ནག་གཞུང་གིས་ནིའུ་ཡོག་དུས་བབ་New York Timesདང་བྷི་བྷི་སི་BBCགསར་འགྱུར་ཚན་པ། ཨོ་གླིང་དྲིལ་བསྒྲགས་ཚན་པ།Australian Broadcasting Corporationསན་ཀཡེ་ཤིམ་བྷུམ།Sankei Shimbunཨ་རིའི་རླུང་འཕྲིན་ཁང་Voice of America བཅས་ཀྱི་ཉུང་མཐར་གསར་འགོད་པ་ལྔ་རེར་རྒྱ་ནག་ནང་དུ་སྡོད་རྒྱུའི་མཐོང་མཆན་ཟླ་བ་གཉིས་དང་ཕྱེད་ཀ་ལས་སྤྲད་མེད།
དེ་ཡང་ཨོ་གླིང་དྲིལ་བསྒྲགས་ཚན་པའི་གསར་འགོད་པ་མེ་ཐིའུ་ཀར་ནེ་ལགས་ཀྱིས་གསུང་དོན། “ངས་ཡུ་གུར་ནང་གི་གནས་སྟངས་སྐོར་གསར་འགྱུར་སྤེལ་བ་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་པ་ཚོས་འདོད་བབ་མ་བྱུང་ཞེས་ང་ལ་འཛེམ་ཟོན་མེད་པའི་ཐོག་ནས་བརྗོད་བྱུང་། “ཞེས་གསུངས། ཁོང་ལ་རྒྱ་ནག་ནང་སྡོད་རྒྱུར་རྒྱ་ནག་གཞུང་གིས་ཟླ་བ་གཉིས་དང་ཕྱེད་ཀ་ལས་མཐོང་མཆན་སྤྲད་མེད། ཕྱོགས་མཚུངས་ཨ་རིའི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་འགན་འཛིན་བྷིལ་ཨ་ཡི་ཌི་Bill Ideལགས་ཀྱིས་” ང་ཚོས་རྒྱ་ནག་གཞུང་ལ་མཆོང་མཆན་གྱི་དུས་ཚོད་ཐུང་ཐུང་བཟོ་དགོས་དོན་གང་ཡིན་སྐོར་ཡང་ཡང་དྲིས་པ་ཡིན། རྒྱུ་མཚན་ཞིག་ཡོད་པ་ནི་ཧ་ཅང་གསལ་པོ་རེད། འོན་ཀྱང་ཁོ་པ་ཚོས་རྒྱུ་མཚན་འདི་ཡིན་ཁ་གསལ་གང་ཡང་གསུང་གི་མི་འདུག ” ཅེས་གསུངས། རྒྱ་ནག་ནང་དུ་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་གནས་ཚུལ་འདོན་སྤེལ་གནང་ཕྱོགས་ལ་བརྟེན་ནས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་དག་ནི་སེམས་འཚབ་སྐྱེ་གཞི་ཞིག་ཡིན་སྐོར་གསལ་འདོན་གནང་འདུག །