ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་གཙོས་ཕྱི་རྒྱལ་གཞུང་མང་གཉིས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལ་ལོ་གསར་གྱི་འཚམས་འདྲི་གནང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པ། དེ་བཞིན་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་རྣམ་པ། རྒྱ་གར་གཞུང་མང་གཉིས་དང་འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་བཀའ་ཤག་དང་སྲིད་སྐྱོང་སྒེར་གྱི་ངོས་ནས། བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་བོད་ཀྱི་ལོ་གསར་གྱི་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
འདི་ལོར་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༦༠ འཁོར་བཞིན་ཡོད་པ་དང་། ཕྱོགས་མཚུངས་འདི་ལོའི་གསུམ་བཅུའི་དུས་དྲན་ནི་རྒྱ་ནག་དམར་པོས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༠ འཁོར་གྱི་ཡོད། འདས་པའི་ལོ་ངོ་དེ་དག་རིང་བོད་ཀྱི་རྩ་དོན་གསོན་པོར་གནས་ཐུབ་པ་དང་། བོད་མི་ཚོ་ཡང་ཡུལ་མི་གཞན་དང་གཅིག་མཚུངས་ལྟར་སྤྱི་ཚོགས་སྟེང་དཔུང་པ་འདྲ་མཉམ་འགྲོ་ཐུབ་པ་ནི་གཙོ་ཆེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། གཉིས་ནི། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ཐོག་ནས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། འདི་ལོར་ཆ་བཞག་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་སྐེག་དངོས་གཞི་འཁེལ་ཀྱི་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ནས་༸རྒྱལ་བའི་སྐུ་ཚེའི་༸ཞབས་རིམ་གང་ཞུ་དགོས་པ་རྣམས་ཞུས་དང་ཞུ་བཞིན་པ་ཡིན།
ཉེ་ཆར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དགུང་ལོ་བརྒྱ་ལྷག་༸སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པ་ནི་ཧ་ཅང་བསྐལ་བ་བཟང་པོ་དང་རྩ་བ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་བོད་མི་མང་ཚོགས་ནས་ཀྱང་སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུ་གལ་ཆེ་ཡིན་སྟབས་དེའི་ཐོག་གཟབ་གཟབ་གནང་དགོས་རྒྱུ་དམིགས་བསལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད།
ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་བོད་མི་ནང་ཁུལ་མཐུན་སྒྲིལ་དང་། འཆམ་མཐུན། དེ་བཞིན་གཅིག་སྒྲིལ་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེ་དག་ཡིད་ལ་བཅངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་ཞིག་བྱེད་དགོས། བོད་སྤྱི་མཐུན་གྱི་བསོད་ནམས་བསག་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། ཚང་མས་ཕྱི་ལོ་ ༢༠༡༩ ལོ་འདི་ཉིད་གལ་ཆེན་པོར་བརྩིས་པའི་ཐོག་ནས་ཞབས་རིམ་ཁག་སྒྲུབ་རོགས་གནང་། ཞེས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་སྩལ་བ་ལྟར་ངེས་པར་དུ་ཐུགས་སྣང་ཆེན་པོ་གནང་དགོས།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཅིང་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་འགྲུབ་པར་ཤོག་ཅེས་སྨོན་འདུན་ཞུ་བ་དང་སྦྲགས། སླར་ཡང་ཚང་མར་ལོ་གསར་པ་འདིའི་ནང་དགའ་སྤྲོ་འཕེལ་བ་དང་། བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།།