ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་དང་ཨ་རིའི་རོགས་ཚོགས་USAID ནས་མཐུན་འགྱུར་རོགས་རམ་གནང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ ནས་ཟླ་ ༣ ཚེས་ ༡ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གི་འགན་འཛིན་རྣམས་ལ་སྤུས་ཚད་ལྡན་པའི་འཕྲོད་བསྟེན་ཞབས་ཞུའི་སྦྱོང་བརྡར་དང་འཛིན་སྐྱོང་ཚོགས་འདུ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཚོགས་ཁང་ནང་ཚོགས་ཡོད་པ་དང་།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་དང་། ལས་དོན་གོ་འཕེར། ཆེད་ལས་པ་འཛིན་སྐྱོང་གནང་ཕྱོགས། གཞི་རྩའི་དཔལ་འབྱོར་ཉར་ཚགས། འབྲེལ་ལམ་སོགས་ཡར་རྒྱས་ཡོང་བར་གཙོ་བོར་དམིགས་ཏེ་ཚོགས་འདུ་ཚོགས་ཡོད།
ཚོགས་འདུ་ཉིན་བཞི་པ་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཚོ་དང་ལྷན་དུ། འཛིན་སྐྱོང་དང་གཞིས་ཆགས་ཁག་ཏུ་འཕྲོད་བསྟེན་ལས་འཆར་ཁག་ལག་བསྟར་གནང་ཕྱོགས་སྐོར་འཚོགས་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༡ ཉིན་ཚོགས་བཅར་བ་རྣམས་སོ་སོར་བློ་སྐྱེད་འབྱུང་བའི་ཕྱིར་པཱ་ལམ་པུར་གྲོང་རྡལ་དུ་རྟེན་གཞི་བྱས་པའི་ཝི་ཝེ་ཀ་ནན་ད་སྨན་ཁང་Vivekananda Hospital ལ་ལྟ་སྐོར་དུ་ཕེབས་རྒྱུ་ཡིན་པ་བཅས།།