ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་རྒྱ་གར་དམག་མི་མདའ་དཔོན་ Colonel ཟུར་པ་དང་། འཁོར་སྐར་ Satellite imagery པར་རིས་དབྱེ་ཞིབ་པ་གྲགས་ཅན་སྐུ་ཞབས་ཝི་ནཱ་ཡཀ་བྷཌ་ Colonel Vinayak Bhat ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། ༼བོད་ནང་རྒྱ་ནག་གི་ངལ་རྩོལ་བཙོན་རྭ་འཚོལ་བ།༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སྲི་ཞུའི་ལས་བྱེད་ཁག་ཅིག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ལས་བྱེད། བོད་གནས་ལྟ་ཞིབ་ཁང་གི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་འདུག
དེ་ཡང་གསུང་བཤད་ལས་རིམ་དབུ་འཛུགས་ཀྱི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ངོ་སྤྲོད་གསུང་བཤད་མདོར་ཙམ་གནང་གྲུབ་མཚམས། གོང་གི་བརྗོད་གཞི་དང་འབྲེལ་ནས་ཝི་ནཱ་ཡཀ་བྷཌ་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་ངས་སྐད་ཆ་བཤད་རྒྱུ་གཙོ་བོ་ནི། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་བཙོན་རྭ་ Gulag གསར་པ་ཁ་ཤས་གསར་འཛུགས་བྱས་པའི་སྐོར་ཡིན། ངས་དེ་རིང་འདིར་རྒྱ་གར་གཞུང་དང་དམག་མིའི་སྐུ་ཚབ་བྱས་ནས་ཡོང་བ་མིན། འདི་ནི་ང་རང་མི་སྒེར་གཅིག་གི་རང་དབང་ལོངས་སུ་སྤྱད་ནས་བཤད་རྒྱུ་ཡིན། ངས་གང་བཤད་པ་དེ་དག་ང་རང་སྒེར་གྱི་ལྟ་ཚུལ་ཡིན། དེང་སྐབས་རྒྱ་ནག་གཞུང་གིས་ཆེད་མངགས་བརྙན་ཐུང་དེ་འདྲ་བཟོས་ཏེ་བོད་ནང་གི་བོད་མི་ཚོར་ ༼རྒྱལ་ཞེན་གླུ་གར།༽ འཁྲབ་སྟོན་སོགས་བྱས་བཅུག་གི་འདུག བྱེད་སྟངས་དེ་ནི་ནོར་འཁྲུལ་རེད། རྒྱ་ནག་གཞུང་གིས་རྒྱུ་མཚན་ཅིའི་ཕྱིར་བོད་མི་ཚོར་དེ་ལྟར་བྱས་བཅུག་པ་རེད་དམ། ཁོ་པ་ཚོའི་དམིགས་ཡུལ་གཙོ་བོ་ནི། བོད་མི་ཚོའི་སེམས་ཁམས་སུ་ཆིག་སྒྲིལ་གྱི་འདུ་ཤེས་རྩ་མེད་གཏང་རྒྱུ་དང་། སྲོལ་རྒྱུན་བོད་མིའི་ཆོས་དད་ཀྱི་བག་ཆགས་དེ་དག་མིང་གི་ལྷག་མར་གཏོང་ཆེད་དང་། དེ་བཞིན་བོད་ནང་གི་ས་གནས་མཐའ་ཁོབ་ཁག་གི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ནས་བོད་མི་ཚོར་གནོན་ཤུགས་ཧ་ཅང་སྤྲད་བཞིན་ཡོད། ལྷག་པར་ཤར་ཏུར་ཀི་སི་ཐན་ཁ་ཆེའི་མི་རིགས་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ཆེད་ཁུལ་དེར་ངལ་རྩོལ་བཙོན་རྭ་ Gulag ཆེད་མངགས་གསར་བཟོའི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པ་ལྟར། སྲིད་བྱུས་དེ་མཚུངས་ད་ཆ་བོད་ནང་དུའང་ལག་བསྟར་ཆེད་ངལ་རྩོལ་བཙོན་རྭ་མང་པོ་ཞིག་བོད་ཀྱི་ཁམས་ཁུལ་དུ་བཙུགས་ཟིན་འདུག རྒྱ་གཞུང་གིས་བོད་མི་རིགས་རིགས་གཞུང་དང་བཅས་པར་རྩ་མེད་གཏོང་རྒྱུར་དམིགས་ཏེ་གྲོང་གསེབ་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་ཟེར་བའི་ལས་གཞིའི་འོག་རྒྱ་རིགས་མི་འབོར་ཕོན་ཆེ་གྲོང་ཁྱེར་དེ་དག་ཏུ་གནས་སྤོ་བྱས་བཅུག་ནས་བོད་མི་རྣམས་དང་གཉེན་སྒྲིག་གིས་མཚོན་མི་རིགས་རྩ་མེད་གཏོང་རྒྱུའི་ལས་གཞི་སྣ་མང་སྤེལ་བཞིན་ཡོད། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་དང་གནམ་ཐང་གསར་རྒྱག་ལས་གཞི་ས་གནས་གང་སར་སྤེལ་དང་སྤེལ་མུས་ཡིན་པ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་ཁོ་པ་ཚོའི་དམག་དོན་རྒྱ་སྐྱེད་ཆེད་ཡིན་པ་ར་འཕྲོད་ཐུབ། སྲིད་བྱུས་དེ་དག་བརྒྱུད་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རེད། དཔེར་ན་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲོག་ལམ་ཁུལ་དུ་རྒྱ་སྐྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གསལ་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །