ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་སྟོན་ཐོག་དང་ཁང་པ་སོགས་ལ་གཏོར་སྐྱོན་འཚབ་ཆེ་ཕོག་པར་ངལ་སེལ་རོགས་སྐྱོར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་དོན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གངས་རི་རྭ་བས་བསྐོར་བའི་ཞིང་ཁབས་སུ། ནང་བཅུད་ཀྱི་སེམས་ཅན་གཙོ་བོ་མི་རིགས་དང་སྐད་ཡིག ཆོས། རིག་གཞུང༌། ཆས་གོས། གོམ་གཤིས་སོགས་ལོ་ངོ་ཁྲི་ཕྲག་གི་ལོ་རྒྱུས་རང་བཞིན་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན།
ཕྱི་ལོ་ ༡༩༥༠ ལོ་ནས་རྒྱ་ནག་གིས་བོད་ས་ཡར་རྒྱས་ལ་ཁ་གཡར་ཏེ་བཙན་འཛུལ་བྱས་རྗེས། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་གནོན་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་འབུམ་ལ་ཉེ་བ་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད། ཉག་ཕྲ་བའི་དུས་སྐབས་སུ་ྋགོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་བདག་དབང་སླར་གསོ་ཡུན་གནས་འཛིན་སྤེལ་དོན་འཁེལ་ཡོང་སླད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་བཟང་བཀོད་སྒྲིག་ཐོག་ལམ་སྟོན་བཀྲིན་བསྐྱངས་པ་དང༌། ཐོག་མ་གཞུང་གི་ལས་ཁུངས་ཁག་བརྒྱད་གསར་འཛུགས་བརྒྱུད་ཆོས་སྡེ་ཁག་དང༌། སློབ་གྲྭ། གཞིས་ཆགས་སོགས་གསར་བཙུགས་ཐུབ་པ་བྱུང་ཡོད།
ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་གཞིས་ཆགས་ཁག ༤༥ ཡོད་ཁོངས་ནས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ཐོག་མ་ཕྱི་ལོ་ ༡༩༦༣ ཟླ་ ༥ པའི་ནང་གསར་འཛུགས་ཞུས་པའི་ནང་ཅམ་པ་ལམ་བཟོ། འབུམ་སྡེ་ལ། སིམ་ལ། སེན་སྡེའུ། ཨ་སམ་ཀྲུ་ཀྲིང༌། ཅང་ལང༌། ལ་དྭགས། མ་ན་ལི། རྡ་རམ་ས་ལ་བཅས་ནས་ཁྱིམ་ཚང་ ༥༨༠ ནང་མི་འབོར་ ༣༠༡༧ གྱི་གཞིས་ཆགས་གསར་འཛུགས་ཞུས་པ་ནས་ད་ཆ་ཁྱིམ་ཚང་ ༣༩༨ ནང་མི་གྲངས་ ༢༠༩༢ ཡོད། དེ་དག་གི་འཚོ་བའི་རྟེན་གཞི་ཆེད་རྒྱ་གར་གཞུང་ནས་དབུས་བོད་མིའི་ངལ་སེལ་ཚོགས་པའི་མཚན་ཐོག་ས་ཁང་ཨེ་ཀ་ ༡༨༥༩ སྟེང་འཚོ་བ་བསྐྱེལ་བཞིན་ཡོད། གཞིས་ཆགས་འདི་ཆགས་ཡུལ་རྒྱ་མཚོ་དང་ཉེ་པོ་ཡིན་སྟབས་རླུང་འཚུབ་དང༌། རང་འབྱུང་གནོད་འཚེ་ཡང་ཡང་ཡོང་བཞིན་པ་ཕྱི་ལོ་ ༡༩༧༢ ༡༩༩༡ ༡༩༩༥ ༢༠༡༣ ༢༠༡༤ སོ་སོར་འབྱུང་བའི་གནོད་འཚེ་བྱུང་སྟེ་གཞིས་མིའི་སྡོད་ཁང༌། ཤིང་འབྲས་དང་སྟོན་ཐོག་སོགས་ལ་གནོད་འཚེ་ཕོག་ཡོད།
ཕྱི་ལོ་ ༢༠༡༨ ལོའི་དྲག་ཆར་རླུང་འཚུབ།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་དྲག་ཆར་རླུང་འཚུབ་ (Titli) རྐྱེན་པས་རང་འབྱུང་གོད་ཆག་ཚབས་ཆེ་བྱུང་བའི་གནས་ཚུལ་ཐོས་མ་ཐག་ས་གནས་ས་ཐོག་ཏུ་གནས་སྟངས་རྟོགས་ཞིབ་ཆེད་འདི་གའི་སོ་ནམ་ཚན་པའི་འགན་འཛིན་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་ཆེད་གཏོང་བྱས་སྐབས་གཞིས་མི་རྣམས་ཀྱི་འཚོ་བའི་དམིགས་རྟེན་གཙོ་བོ་ཞིང་ས་ཨེ་ཀར་ ༡༨༥༩ སྟེང་ཨ་ཤོམ་འདེབས་ལས་བྱས་པའི་བརྒྱ་ཆ་ ༨༠ ཙམ་རྩ་གཏོར་དང༌། འབྲས་ལྡན་དང་འབྲས་མེད་ཤིང་སྡོང༌། དེ་བཞིན་སྡོད་ཁང་གཏོར་སྐྱོན་སོགས་དེ་སྔ་བྱུང་མྱོང་མེད་པས་གནོད་སྐྱོན་དང་སླར་གསོ་དཀའ་བའི་གནས་སྟངས་ཚབ་ཆེ་ཕོག་པར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས། རྒྱ་གར་མངའ་སྡེ་གཞུང་གི་སོ་ནམ་ལས་ཁུངས་མཐུན་མོང་ནས་གྱོང་གུན་དཔྱད་ཞིབ་ (Loss/Damage Assessment) བྱས་པའི་སྙན་ཐོ་ལྟར་ཧིན་སྒོར་འབུམ་ ༣༠༠ ཙམ་གྱོང་གུན་ཕོག་ཡོད། ཞིང་པ་མང་དག་ཅིག་ནས་མཉམ་འབྲེལ་དང་དངུལ་ཁང་བཅས་ལ་བུ་ལོན་འཇལ་སློག་མ་ཐུབ་པའི་དཀའ་ངལ་དང༌། རྒྱུན་གཏན་འཚོ་བའི་གནས་སྟངས་ལ་དོ་ཕོག་དཀའ་སེལ་སླད་གདུང་སེམས་མཉམ་བསྐྱེད་དང༌། གཅིག་ཕན་གཅིག་གྲོགས། སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་འདི་ནས་ཕྱི་ནང་སྦྱིན་བདག་རོགས་ཚོགས་ཁག་དང༌། ཕྱི་རྒྱལ་སྐུ་ཚབ་དོན་གཅོད། ཕྱི་ནང་གནས་སྡོད་བོད་རིགས་སྤུན་ཟླ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་ངལ་སེལ་རོགས་སྐྱོར་ཞལ་འདེབས་རེ་བསྐུལ་ཞུས།
ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༦ ནས་ ༡༩ བར་སླར་ཡང་ནང་སྲིད་དྲུང་ཆེ་དབང་འདུས་ཚེ་རིང་མཆོག་དང༌། དྲུང་གཞོན་དོན་གྲུབ་ཚེ་རིང་གཉིས་ས་གནས་ས་ཐོག་ཏུ་གནས་སྟངས་རྟོགས་ཞིབ་མཐིལ་ཕྱིན་ཞུས། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ ཉིན་ྋདཔལ་ལྡན་ནང་སྲིད་བཀའ་བློན་སྐོུ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱས་མཆོག་གཞིས་ཆགས་སུ་འཚམས་གཟིགས་དང་དྲག་ཆར་རླུང་འཚུབ་ཀྱི་སྡོད་ཁང༌། སྟོན་འབྲས་དང་ཤིང་འབྲས་ཡོངས་སུ་གོད་ཆག་བྱུང་བར་ཧིན་སྒོར་ ༡༡༤༤༠༠༠༠ རོགས་སྐྱོར་གནང་རྒྱུའི་བཀའ་འཁྲོལ་བསྩལ་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།
ནང་སྲིད་ལས་ཁུངས་ནས་འབོད་བསྐུལ་ཞུས་པ་བཞིན་ྋདཔལ་ལྡན་བཀའ་ཤག་དབུས་པས་ཕྱི་ནང་རོགས་ཚོགས་དང༌། བོད་རིགས་སྤུན་ཟླ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཉི་མ་མེ་གྲོགས་དང༌། ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་དཔལ་འབྱོར་གྱི་རྒྱབ་རྟེན་ཞལ་འདེབས་ཁྱོན་བསྡོམས་སྒོར་ ༩༠༡༦༤༡༣་༨༦ ད་བར་གནང་སོན་བྱུང་བར་བརྒྱུད་ལམ་འདི་བརྒྱུད་ནང་སྲིད་ལས་ཁུངས་གཙོས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་མི་མང་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གང་ལ་མངགས་པའི་ཞལ་འདེབས་གནང་པ་ཡོངས་རྗོགས་ཐོག་མའི་དམིགས་ཡུལ་བཞིན་ཨོ་ཌི་ཤ་ཕུན་ཚོགས་གླིང་གི་མང་ཚོགས་སུ་གོད་ཆག་ཕོག་པར་དཀའ་སེལ་སླད་ཤ་ཁུ་ཤ་འཐིམ་གནད་སྨིན་ཁུངས་གཏོང་ཞུས་པའི་རྩིས་ཕྲ་གཤམ་གསལ།
ཨང༌། | གནས་དོན། | བྱུང༌། | སོང༌། |
༡། | ཕྱི་རྒྱལ་རོགས་ཚོགས་ཁག་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་སུ་བོད་རིགས་སྤུན་ཟླ་དང་དེ་བཞིན་གཏོང་ཕོད་ཅན་གྱི་སྦྱིན་བདག་ཁག་ནས་ངལ་སེལ་ཞལ་འདེབས་གནང་འབྱོར། | ༦༠༣༤༩༧༣་༣༥ | |
༢། | རྒྱ་བལ་འབྲུག་གསུམ་ནང་གཏན་གཞི་ཆགས་པའི་ས་གནས་འགོ་འཛིན་ཁྱབ་ཁོངས་གཞིས་ཆགས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག། དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་བཅས་ནས་ངལ་སེལ་ཞལ་འདེབས་གནང་འབྱོར། | ༢༩༩༡༤༤༠་༥༡ | |
༣། | ཨ་ཤོམ་སྔ་བཏབ་ཞིང་ས་ཨེ་ཀ་གྲངས་ ༦༡༥ ཞིང་པ་རྣམས་ལ་གྱོང་གུད་གུན་གསབ་ཆེད་ཨེ་ཀ་རེར་སྒོར་ ༣༥༠༠ རྩིས་སྒོར། | ༢༡༥༢༥༠༠ | |
༤། | ཨ་ཤོམ་ཕྱི་བཏབ་ཞིང་ས་ཨེ་ཀ་གྲངས་ ༤༠༠ ཞིང་པ་རྣམས་ལ་གྱོང་གུད་གུན་གསབ་ཆེད་ཨེ་ཀར་རེར་སྒོར་ ༤༥༠༠ རྩིས་སྒོར། | ༡༨༠༠༠༠༠ | |
༥། | ཉམ་ཐག་དང་སྐྱེ་སྡན་སྲོལ་རྒྱུན་སོ་ནམ་ཞིང་པ་རྣམས་ལ་གུན་གསབ་འཕར་མ་སྒོར་ ༥༠༠༠ རེར་རྩིས་སྒོར། | ༢༥༠༠༠ | |
༦། | ཤིང་འབྲས་གྲངས་ ༣༤༣༥ རྩ་བཀོག་དང་གཏོར་སྐྱོན་ཕོག་པར་གུན་གསབ་ཆེད་ཤིང་སྡོང་རེར་སྒོར་ ༥༠༠ རེར་རྩིས་སྒོར། | ༡༧༡༧༥༠༠ | |
༧། | དུད་ཚང་ ༧ སྡོད་ཁང་གཏོར་སྐྱོན་འཚབ་ཆེ་ཕོག་པར་བསྐྱར་བཟོ་ཆེད་དུད་ཚང་རེར་སྒོར་ ༤༠༠༠༠༠ རེར་རྩིས་སྒོར། | ༢༨༠༠༠༠༠ | |
༨། | དུད་ཚང་ ༡༣ སྡོད་ཁང་གཏོར་སྐྱོན་ཕོག་པ་ལ་ཉམས་བཟོ་ཆེད་དུད་ཚང་རེར་སྒོར་ ༢༠༠༠༠༠ རེར་རྩིས་སྒོར། | ༢༦༠༠༠༠༠ | |
༩། | དུད་ཚང་ ༧ སྡོད་ཁང་གཏོར་སྐྱོན་ཕོག་པ་ལ་ཉམས་བཟོ་ཆེད་དུད་ཚང་རེར་སྒོར་ ༥༠༠༠༠ རེར་རྩིས་སྒོར། | ༣༥༠༠༠༠ | |
༡༠། | ཁྱོན་བྱུང་སོང༌། | ༩༠༡༦༤༡༣་༨༦ | ༡༡༤༤༥༠༠༠་༠༠ |
༡༡། | བྱུང་སོང་ཁ་མ་འདུམ་པའི་བར་ཁྱད་དེ་དག་དེ་སྔ་འབྱུང་བའི་གོད་ཆག་ཆེད་ཟུར་བཅད་མ་དངུལ་ནས་བཏང་བ་སྒོར། | ༢༤༢༨༥༨༦་༡༤ |
དེ་བཞིན་ཨོ་ཌི་ཤ་མངའ་སྡེ་གཞུང་ནས་གུན་སྐྱོབས་ངལ་སེལ་རོགས་སྐྱོར་བསྩལ་འབྱོར་བྱུང་བ་ཧིན་སྒོར་ ༥༢༢༣༦༧༨་༠༠ དེ་དག་དོ་བདག་ཞིང་པ་སོ་སོའི་དངུལ་ཁང་ལག་དེབ་བརྒྱུད་བགོས་འགྲེམས་ཟིན་པས་རྒྱ་གར་གཞུང་མང་གཉིས་དང༌། སྤྱི་སྒེར་རོགས་བསྐྱོར་གནང་མཁན་ཡོངས་ལ་སླར་ཡང་ཐུགས་རྗེ་ཆེའི་ཞུ་གནང་ཡོད་པ་བཅས། །