ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ ཉིན་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ཁ་སང་ཕྱི་ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་སྐལ་པ་བཟང་པོ་རེད། དེ་བཞིན་རྣམ་པ་ཚོ་བཅར་རྒྱུ་བྱུང་བ་ཧ་ཅང་སྐལ་པ་བཟང་པོ་རེད། དེ་དང་མཉམ་དུ་རྣམ་པ་ཚོར་འགན་ཡང་ཡོད། སློབ་གྲྭར་ཕེབས་པའི་སྐབས་ལ་དགེ་རྒན་དང་རྩོད་རྒྱུ་ངའི་ཐོབ་ཐང་ཡིན་སྙམ་པའི་ཐོག་ནས་ཕེབས་རྒྱུ་མེད། སློབ་གྲྭར་ཕེབས་པའི་སྐབས་ང་ཕ་མ་ཡིན་པའི་ཆ་ནས་འགན་ཞིག་ཡོད་བསམ་པ་དང་། དགེ་རྒན་ལ་རྩི་བཀུར་དང་འགན་ཁུར་ཡོད་པའི་ཐོག་ནས་བཀའ་མོལ་ཡག་པོ་གནང་དགོས། ཐོབ་ཐང་ཡིན་སྙམ་པའི་ཐོག་ནས་བཀའ་མོལ་གནང་བ་ཡིན་ན་སྐབས་རེ་ཧམ་བཤད་མ་རབས་ཆགས་ཉེན་ཡོད། འགན་ཡིན་སྙམ་པའི་ཐོག་ནས་བཀའ་མོལ་གནང་བ་ཡིན་ན་མཐུན་འབྲེལ་དང་འགན་མཉམ་ཁུར་གྱི་བཀའ་མོལ་དེ་ཡོང་གི་རེད། ད་རེས་བརྟན་བཞུགས་སྐབས་ཤེས་ཡོན་ཡར་རྒྱས་གཏོང་གི་ཡིན་ཞེས་དམ་བཅའ་ཁས་ལེན་ཞུས་ཡོད། རྣམ་པ་ཚོ་ཕ་མ་ཡིན་པའི་ཆ་ནས་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་དགོས་ཀྱི་ཡང་རེད།
ཁ་སང་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་སྐུ་ལས་རིམ་པ་བསྐྱོན་ནས་ཤེས་ཡོན་ཡར་རྒྱས་ཕྱིན་ཡོད་རེད། ཅེས་བཀའ་སློབ་ཕེབས་པ་འདི་ང་ཚོ་བཀའ་ཤག་ཡིན་ནའང་ཧ་ལས་པའི་དགའ་ཚོར་ཆེན་པོ་བྱུང་། གང་ཡིན་ཞེ་ན་ང་ཚོ་ཚང་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེད། མགོན་པོ་གང་ཉིད་མཆོག་ལས་བཀའ་དྲིན་ཆེ་བ་མེད། ཁོང་ཉིན་མ་གཅིག་ཐུགས་སྤྲོ་བོ་བྱུང་བ་ཡིན་ན་དགེ་བ་གསོག་གི་ཡོད་རེད། དེར་བརྟེན་ཕ་མ་དང་དགེ་རྒན། བཀའ་ཤག སྲིད་སྐྱོང་ཡིན་ནའང་འགན་དེ་བསྒྲུབས་པའི་རྟགས་རེད། ས་ཁང་ཤེས་ཡོན་ཡར་རྒྱས་ཕྱིན་ཡོད་རེད་ཅེས་བཀའ་སློབ་ཕེབས་པར་སྲིད་སྐྱོང་ཡིན་པའི་ཆ་ནས་འགན་དེ་བསྒྲུབས་སོང་སྙམ་པ་དང་ཤེས་རིག་ལས་ཁུངས་ངོས་ནས་འགན་བསྒྲུབས་འདུག་པའི་ཧ་ཅང་དགའ་ཚོར་བྱུང་།
དེ་སྔ་ཕྱི་ལོ་ ༢༠༡༥ ལོའི་ཕལ་ཆེར་ཕྱི་ཟླ་ ༦ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཡར་རྒྱས་ཕྱིན་ཡོད་སྐོར་བཀའ་སློབ་ཕེབས་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། ང་རང་སྒེར་ངོས་ནས་དགའ་པོ་བྱུང་དགོས་དོན་ནི། ཕྱི་ལོ་ ༢༠༡༡ ལོར་གཟིམས་ཆུང་མཇལ་ཁ་བཅར་བའི་སྐབས། ཤེས་ཡོན་གལ་ཆེ་ཤོས་རྩི་གི་ཡིན། ཤེས་ཡོན་ཐོག་འབད་བརྩོན་བྱེད་ཀྱི་ཡིན། ཞེས་ཞུས་པ་ཡིན། སྐབས་དེར་༸གོང་ས་མཆོག་གིས་འདི་ཧ་ཅང་གལ་ཆེན་པོ་རེད། དཔེ་ཡག་པོ་འདུག ཤེས་ཡོན་ཐོག་འབད་བརྩོན་གནང་དགོས་འདུག གང་ཡིན་ཞེ་ན་མང་པོ་ཞིག་གི་ཐོག་ང་ཚོས་ལམ་སང་བྱེད་ཐུབ་པའི་ནུས་པ་མེད། ཆབ་སྲིད་ཐོག་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་བྱེད་མིན་ལ་རག་ལུས་ཡོད། བོད་རྒྱ་གྲོས་མོལ་དང་བོད་དང་རྒྱ་ནག་གི་གནས་སྟངས་ནི་རྒྱ་ནག་གཞུང་ལ་རག་ལུས་ཡོད། ཤེས་ཡོན་ཡར་རྒྱས་གཏང་རྒྱུ་ང་ཚོའི་ལག་ཏུ་ཡོད། ང་ཚོའི་ལག་ཏུ་ཡོད་པ་དེ་བྱེད་ཐུབ་དགོས། འདི་བྱེད་མ་ཐུབ་པ་མེད། ཅེས་བཀའ་སློབ་གནང་བྱུང་། དེ་ག་རང་འབད་བརྩོན་ཞུ་གི་ཡིན་ཞེས་ཞུས་པ་ཡིན།
༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཕལ་ཆེར་ཕྱི་ཟླ་ ༩ ནང་སུད་སིར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་བའི་ནང་ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་བཤད་པ་དེ་ལ་མོས་མཐུན་རྒྱབ་སྐྱོར་ཡོད། ཅེས་བཀའ་ཕེབས་ཡོད་པ་འདི་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་ཡོད་རེད། ངས་འདི་ཞུས་དགོས་དོན་ནི། ༸གོང་ས་མཆོག་གི་བཀའ་དགོངས་བཀའ་ཤག་ནས་སྒྲུབ་དགོས་ཀྱི་འདུག ཅེས་ཕྲན་རང་གཟིམས་ཆུང་དུ་བཅར་ནས་དམ་བཅའ་ཁས་ལེན་ཞུས་པ་ནང་བཞིན་འབད་བརྩོན་བྱས་ནས་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༦ དང་། དེ་བཞིན་ཉེ་ཆར་དང་ཁ་སང་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཤེས་ཡོན་ཡར་རྒྱས་ཕྱིན་འདུག་ཅེས་བཀའ་སློབ་ཕེབས་སྟབས། ༸གོང་ས་མཆོག་གི་བཀའ་དགོངས་ཕྲན་བུ་བསྒྲུབས་འདུག་སྙམ་པའི་དགའ་སྤོབས་བྱུང་།
མུ་མཐུད་ཤེས་ཡོན་ཡར་རྒྱས་འགྲོ་བར་དེ་སྔ་ཞུས་པ་ནང་བཞིན་མཛུབ་མོ་ལྔ་ནང་བཞིན་ཚང་མར་འགན་ཡོད། དང་པོ་དེ། བོད་མིའི་སྒྲིག་འཛུགས་ཀྱིས་འགན་དེ་རེད། བོད་མིའི་སྒྲིག་འཛུགས་ཀྱི་འགན་གཙོ་བོ་ནི་ལམ་སྟོན་དང་མཐུན་རྐྱེན་སྐྲུན་རྒྱུ་རེད། གཉིས་པ་དེ། སློབ་གྲྭ་ཁག་གི་སློབ་སྤྱི་དང་ལས་བྱེད་ཀྱི་འགན་རེད། གསུམ་པ་དེ། དགེ་རྒན་རྣམ་པ་རེད། བཞི་པ་དེ་སློབ་ཕྲུག་རེད། ལྔ་པ་དེ་ཕ་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །