ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རོ་ཌི་ཨ་ཡི་ལན་ཌི་མཐོ་སློབ་ཁང་University of Rhode Island གི་འཚེ་མེད་ཞི་བའི་ཤེས་ཡོན་བསྟི་གནས་ཚན་ Center for Nonviolence & Peace Studies པའི་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་ཀྱིས་མཐོ་སློབ་ཁང་གི་དགེ་ལས་སློབ་ཕྲུག་བརྒྱ་ཕྲག་བརྒལ་བར་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་མིའི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གསུང་བཤད་གནང་དོན།
ཕྲན་རང་ཉིད་འཛམ་གླིང་ཡུལ་གྲུ་མང་པོའི་ནང་བོད་དོན་ཞུ་གཏུག་བྱས་མྱོང་ཡོད་ཀྱང་གནས་ཚུལ་དེ་རིགས་རྒྱལ་སྤྱིའི་གསར་ཤོག་གྲགས་ཅན་གཅིག་གིས་ཀྱང་གསར་ཤོག་གི་མདུན་ངོས་སུ་བཏོན་མེད། རྒྱུ་མཚན་ནི་མི་གསོད་ཁྲག་སྦྱོར་དང་། འབར་རྫས་གས་གཏོར་གྱི་དོན་རྐྱེན་མིན་པར་བརྟེན་གསར་ཤོག་གི་མདུན་ངོས་སུ་བསླེབ་ཀྱི་མེད། དེར་བརྟེན་འཚེ་མེད་ཞི་བ་དང་ཞི་བདེ་ལ་དགའ་བའི་མི་མང་ཚོས་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཤིག་རེད། སི་རི་ཡ་ Syria ཕུད་བོད་ནི་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱི་ལུང་པ་ཨང་གཉིས་པ་ཡིན་པ་རང་དབང་ཁང་པའི་ freedom House ལོ་འཁོར་སྙན་ཐོ་བཏོན་པ་ལུང་འདྲེན་གནང་འདུག དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ Reporters Without Borders ཀྱིས་སྙན་ཐོའི་ནང་འཁོད་པ་ལྟར་ན། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ལས་བོད་ནང་འགྲོ་རྒྱུ་ཁག་པོ་ཡོད་པ་བརྗོད་འདུག ཅེས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་དོན། གལ་ཏེ་ཕྱིའི་དམག་དཔུང་ཁྱེད་ཚོའི་ལུང་པའི་ནང་བསླེབས་ནས་ལུང་པ་ཡོངས་རྫོགས་དབང་བསྒྱུར་བྱས་ཏེ་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་དང་། ཤིང་ནགས་སོགས་གཅོད་འབྲེག་བྱས་པ། དེ་བཞིན་མི་གསོད་ཁྲག་སྦྱོར་གྱི་ལས་བརྩམས་ཚེ། ཁྱེད་ཚོས་ཇི་ལྟར་བྱ་རྒྱུ་ཡིན་ནམ།
ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་མིར་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་ནུས་པ་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༥༣ གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ནང་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་དུ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད། བོད་མི་དེ་དག་གིས་རྒྱ་མི་གཅིག་ལའང་འཚེ་བའི་ལས་འགུལ་སྤེལ་བའམ་རྒྱུ་ནོར་ལོངས་སྤྱོད་གཏོར་བཤིག་བཏང་བ་སོགས་རྩ་བ་ནས་མ་བྱས་པར་རང་གིས་རང་མེར་སྲེག་བཏང་ནས་བོད་མིའི་མངོན་འདོད་གསལ་བར་གནང་ཡོད། འཚེ་མེད་ཞི་བ་ལག་ལེན་བསྟར་ཟེར་བ་ནི་ཧ་ཅང་དཀའ་བའི་ལས་ཤིག་རེད། ཅེས་དང་།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་ནས་གསུང་དོན། བོད་རྒྱ་གཉིས་ཀྱི་གནད་དོན་གསལ་བར་འཚེ་བ་མེད་པ་དང་གྲོས་མོལ་བརྒྱུད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩི་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་རྒྱུ་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོས་དམིགས་གཙོ་བོ་ཆགས་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན། ཞེས་གསུང་།
གཞན་ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་ཀྱིས་ཨ་རིའི་གཞུང་མང་གཉིས་ནས་བོད་མི་ཚོའི་ཆེད་དུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པའི་སྐོར་གསུངས་པ་དང་འབྲེལ་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་མཐོ་སློབ་ཁང་གི་འཚེ་མེད་ཞི་བའི་ཤེས་ཡོན་བསྟི་གནས་ཚན་པའི་ངེས་སྟོན་པ་པོལ་སྦུ་ནོ་ཌེ་Dr. Paul Bueno de Mesquita ལགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དྲན་རྟེན་ཕྱག་འཁྱེར་ཞིག་ཕུལ་བ་དང་འབྲེལ། ངེས་སྟོན་པ་པོལ་སྦུ་ནོ་ལགས་ནས་ཀྱང་སྲིད་སྐྱོང་མཆོག་གིས་དེ་གའི་མཐོ་སློབ་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་བསམ་བློ་གོ་རྟོགས་སྤེལ་བ་དེར་ངོས་འཛིན་གྱིས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་ཞིག་གནང་ཡོད་པ་བཅས། །