ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཕི་རི་ཀའི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་སྐུ་ཚབ་དོན་ཁང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་སྦྲེལ་ཐོག་ལྷོ་ཨ་ཕི་རི་ཀའི་ནུབ་ཕྱོགས་ཁྱབ་ཁོངས་ཀྱི་ཡུལ་མི་རྣམས་ཀྱིས་བོད་དོན་དང་བོད་ཀྱི་རིག་གཞུང་ཐོག་ལ་ལོ་མང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད་འདུག
དེ་ཡང་གོང་ཚེས་ཉིན་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་བསྟུན་བོད་མིའི་སྒྲིག་འཛུགས་དང་། བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ད་བར་བོད་ཀྱི་གནད་དོན་ཐོག་ལོ་མང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྐུ་ཞབས་ Klasie Wessels ལགས་དང་། སྐུ་ཞབས་Prof. Nicola Smit ལགས། སྐུ་ཞབས་ Prof Annika Rudman ལགས་བཅས་ལ་ད་བར་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ངོས་འཛིན་ཕྱག་འཁྱེར་ཞིག་དང་རྟེན་འབྲེལ་མཚོན་བྱེད་དུ་མཇལ་དར་རེ་ཕུལ་འདུག དེ་རྗེས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ལྷོ་ཨ་ཕི་རི་ཀ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་རྒྱབ་ལྗོངས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་བཅས། །