ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣༡ ཉིན་ཉི་ཧོང་གྲོས་ཚོགས་ཁང་གི་ལས་ཁུངས་ནང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་ལྷན་ཐུག་འཕྲད་གནང་། དེ་ཡང་ཚོགས་འདུའི་ཐོག་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཞི་མོ་མུ་ར་ Mr. Shimomura Hakubun མཆོག་གིས་དབུས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་Japan Institute of National Fundamentals གི་འགན་འཛིན་དང་ཉམས་མྱོང་ཅན་གྱི་གསར་འགོད་པ་ཡོ་ཤེ་ཀོ་ Sakurai Yoshiko ལགས་བཅས་ཕེབས་ཡོད་པ་རེད།
དུས་ཡུན་ཆུ་ཚོད་གཅིག་གི་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ཚོར་བོད་ནང་གི་གནས་སྟངས་སྤྱིའི་སྐོར་དང་། ཉེ་ལམ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊིམ་པི་ Donald Trump མཆོག་གིས་ཨ་རྒྱ་ཡུལ་གཉིས་དབར་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་ཐོག་བརྗེ་ལེན་དགོས་པའི་གྲོས་ཆོད་ལ་མཚན་རྟགས་བཀོད་ཡོད་པ་སོགས་ཀྱི་སྐོར་ཞིབ་ཕྲ་གསུངས་།
ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཤེས་ཡོན། སྐད་ཡིག ཆོས་ལུགས་སོགས་ཀྱི་ཐོག་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་ཉི་ཧོང་དོན་གཅོད་ཁང་གི་ལས་བྱེད་བློ་བཟང་ཆོས་གྲགས་རྣམ་གཉིས་ལྷན་བཅར་གནང་ཡོད་པ་བཅས། །