ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་ཁུར་དང་གཟིགས་སྐྱོང་འོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་རླབས་ཆེན་གནང་བཞིན་པ་དང་། དེ་བཞིན་བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པ་དང་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་བཅས་ནས་རེ་སྐུལ་ལྟར་དགེ་བཤེས་མ་རྣམས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཟུར་སྦྱོང་འཆད་ཁྲིད་སློབ་གཉེར་གནང་སྟེ་ལོ་རྒྱུས་ཐོག་དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་མཆོག སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དམིགས་བསལ་སྐུ་མགྲོན་བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག རྒྱུད་སྟོད་ཕྱག་མཛོད་དང་ཁྲིམས་བདག་དགེ་བསྐོས། བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས། སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་དགེ་བཤེས་མ་རྣམ་པ།རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་སོགས་ཚང་འཛོམས་ཀྱིས་ཐོག་མར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གསོལ་འདེབས་བྱིན་ཅན་གང་བློ་མ་གསུང་འདོན་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་ཀྱིས་ལས་རིམ་གཙོ་སྐྱོང་དང་འབྲེལ་བརྒྱུད་རིམ་ངོ་སྤྲོད་གནང་གྲུབ་མཚམས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་ཀྱིས་དགེ་བཤེས་མའི་རྒྱུགས་འབྲས་ལྗགས་ཀློག་གནང་རིམ་བཞིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་མཆོག་བཅས་ནས་ཕྱག་འཁྱེར་དང་ལེགས་སྐྱེས་གནང་།
དེ་ནས་བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་དམིགས་བསལ་སློབ་སྟོན་པ་དང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་དགེ་བཤེས་མ་མང་པོ་ཞིག་ལ་སྔགས་ཀྱི་གསན་བསམ་གནང་འདོད་བྱུང་ནས་བརྒྱུད་རིམ་ཁག་འགྲིམས་ནས་གྲུབ་འབྲས་དངོས་སུ་སྨིན་ཏེ་ཧ་ཅང་ཡག་པོ་བྱུང་པ་འདི་གཙོ་བོ་འགན་དང་སྐྱབས་འཇུག་ཞུ་མཁན་བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པ་དང་། དགེ་བཤེས་མ་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་སོགས་མང་པོ་ཞིག་གིས་འགན་བཞེས་ཡར་ཞབས་བསྐུལ་ཞུས་པར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་དགོངས་པ་ཧ་ཅང་ཆེ་བཞེས་གནང་བར་བརྟེན་གྲུབ་འབྲས་བཟང་པོ་དེ་དག་ཚང་མ་བྱུང་བ་ཡིན་སྟབས། ངས་འབྲེལ་ཡོད་ཡོངས་དང་དེའི་ནང་ནས་དམིགས་བསལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་གནད་དོན་འདིའི་ཐོག་ལ་བསྔགས་བརྗོད་ཞུ་རྒྱུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
དེ་རིང་གི་གོ་སྐབས་དང་བསྟུན་ངས་ཚིག་ཁ་ཤས་ཤིག་ཞུ་ཆོག་པ་ཞུ་རྒྱུ་ཡིན། སྔོན་མ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནང་ཆོས་རིག་ལས་ཁུངས་ནས་བོད་ནང་གི་དགོན་སྡེ་ཁག་གི་ཐོ་བསྡུ་རུབ་གནང་བཞིན་པའི་སྐབས་དེར་བོད་ས་མ་ཤོར་གོང་ལ་བོད་ནང་བཙུན་མའི་དགོན་པ་ ༧༠༠ ལྷག་ཙམ་ཡོད་པ་ཐོ་ནང་གསལ་གྱི་འདུག དེ་བཞིན་བཙུན་མ་སྒེར་སོ་སོ་ངོས་ནས་མཁས་གྲུབ་གཉིས་ཀྱི་གོ་འཕང་མཐོན་པོ་ཐོབ་པ་ཇི་སྙེད་ཅིག་བྱུང་ཡོད། འོན་ཀྱང་བཙུན་མའི་དགོན་སྡེ་ཁག་གི་ནང་གྲྭ་བའི་དགོན་སྡེ་ཁག་ལྟར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་དང་། དགེ་བཤེས་སོགས་ཀྱི་མཚན་རྟགས་བཞེས་རྒྱུ་སོགས་གང་ལྟར་ཐད་ཀར་ཞུ་ན་བསྟན་པར་བྱ་བ་རྒྱ་ཆེན་པོ་བྱེད་རྒྱུའི་གོ་སྐལ་དང་ལམ་ལ་མ་ལྟོས་པ་ལྟ་བུ་བྱས་ནས་བསྡད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད།
དེ་ནས་བཙན་བྱོལ་དུ་ཕེབས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པ་ཕེབས་ནས་སློབ་གཉེར་གནང་རྒྱུ་དང་། དེའི་ནང་ནས་ལྷག་པར་དུ་བཙུན་མའི་དགོན་པ་ཁག་གི་ནང་གཞུང་ཆེན་སློབ་གཉེར་གནང་སྟེ་རིམ་བཞིན་གྲྭ་བ་དང་གཅིག་མཚུངས་དགེ་བཤེས་བར་དུ་འགྲོ་ཐུབ་རྒྱུའི་སྐོར་བཀའ་སློབ་རིམ་པ་ཕེབས་ཡོད། བཀའ་སློབ་ཕེབས་པ་གཞིར་བཟུང་འབྲེལ་ཡོད་ཚང་མས་ཐུགས་ཁུར་ཆེ་བཞེས་གནང་སྟེ་དོན་དུ་སྨིན་པ་ཞིག་བྱུང་ཡོད། དཔེར་ན་སྔོན་མ་དགེ་བཤེས་མ་ཐོན་གནང་མཁན་རྣམ་པ་རེད། ད་ལྟ་སྔགས་ཀྱི་སློབ་སྦྱོང་ཐོན་མཁན་རྣམ་པ་བཅས་ཚང་མ་ཕྱོགས་གཅིག་ནས་མདོ་དང་སྔགས། འདི་དང་ཕྱི་མ་བཅས་ཀྱི་དོན་དག་ཆེན་པོ་ཞིག་བྱས་ཡོད། ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་པ་སྤྱིའི་དོན་དུ་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་ལ་བཀའ་སློབ་ཕེབས་པ་ཞིག་ལ་འཁུར་ཁྱེར་ནས་གྲུབ་འབྲས་སྨིན་རྒྱུའི་ཡན་ལག་ཅིག་ཆགས་ཡོད། ང་རང་ལྟ་བུ་ཡིན་ན། འདི་ནི་དངོས་འབྲེལ་ཧ་ཅང་ཚོགས་བསོད་ནམས་ཆེན་པོ་བསགས་ཡོད་རེད་བསམ་པ་ཞིག་དང་། སྤྱི་ཡོངས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཡོད་པ་དྲན་གྱི་ཡོད།
ལྷག་པར་དུ་ཆོས་དང་སྲིད་གང་དུ་བལྟས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དེ་དག་དང་པོ་རྟོགས་པ་དང་། དེ་ནས་ལག་བསྟར་བྱེད་པ་ཡིན་ན་དེ་ལས་ཕུགས་བཟང་པ་ཞིག་དང་ཕུགས་བཙན་པ་ཞིག་མེད་པ་ར་འཕྲོད་གསལ་པོ་བྱུང་བའི་དུས་སྐབས་ཤིག་ཆགས་ཡོད། དེར་བརྟེན་བཙུན་མ་རྣམས་པས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་དང་། དེ་བཞིན་སྔགས་ཀྱི་སློབ་གཉེར་གནང་རྒྱུ་དེ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ཇི་བཞིན་ཞབས་ཞུ་བསྒྲུབས་ཐུབ་པ་དེའི་ནང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་དབུས་འབྲེལ་ཡོད་ཚང་མས་ཚོགས་བསོད་ནམས་དང་གྲུབ་འབྲས་ལྡན་པ་ཞིག་ཆགས་ཡོད། འདིར་རྗེས་སུ་ཡི་རངས་གནང་རྒྱུ་དང་སོ་སོར་སེམས་ཤུགས་སྐྱེས་ནས་ད་དུང་ཡིན་ནའང་མུ་མཐུད་གནང་ཐུབ་རྒྱུ་གལ་ཆེན་པོ་ཡིན་ས་རེད། ཅེས་ཞུ་འདོད་བྱུང་།
གཉིས་པ་ནི། སྔགས་ཀྱི་སློབ་གཉེར་ཐོན་མཁན་དགེ་བཤེས་མ་རྣམ་པ་ལ་ཞུ་དགོས་རྒྱུ་མེད། གོང་དུའང་ཞུས་སོང་། དེ་དག་ཚང་མ་བསྟན་པ་སྤྱིའི་དོན་དག་ཆགས་ཡོད། བསྟན་པ་སྤྱིའི་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་དུས་དང་གནས་སྐབས་འབྲེལ་བ་ཆགས་ཀྱི་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་ཞེས་བཀའ་སློབ་དེ་འདྲ་ཕེབས་ཡོད། དུས་རབས་འདིའི་ནང་བསྟན་པའི་ཞབས་འདེགས་ཇི་ལྟར་སྒྲུབ་དགོས་འདུག འདི་དགོངས་པ་བཞེས་ནས་བསྟན་པར་བྱ་བ་གནང་ཐབས་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།