ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་
ཐེངས་འདིའི་ལས་རིམ་ཁོངས་གངས་ལྗོངས་དཔེ་སྐྲུན་ཁང་ལ་བོད་དོན་ངོ་སྤྲོད་ཀྱི་ཐད་གཏོང་རྒྱང་སྲིང་ལས་རིམ་ཁག་གཉིས་དང་། ངོ་སྤྲོད་ལས་རིམ་གཅིག་གི་གོ་སྐབས་ཐོབ་པ་ལྟར། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༨ ཕྱི་དྲོ་ཆུ་ཚོད་ ༥།༠༠ པ་ནས་སྐར་མ་སུམ་ཅུ་རིང་གངས་ལྗོངས་དེབ་ཕྲེང་༣༢སྟེ་༸གོང་ས་མཆོག་གིས་བོད་སྐོར་གླེང་བ་ཞེས་པའི་དཔེ་དེབ་དང་། ཕྱི་ཚེས་ ༡༧ ཕྱི་དྲོ་ཆུ་ཚོད་ ༢།༤༥ ནས་སྐར་མ་སུམ་ཅུ་རིང་གངས་ལྗོངས་དེབ་ཕྲེང་༣༣སྟེ་རི་མཐོ་ཆུ་གཙང་ཞེས་པའི་དཔེ་དེབ་དང་འབྲེལ་བོད་དོན་སྐོར་དྲྭ་རྒྱའི་ཐད་གཏོང་རྒྱང་སྲིང་བརྒྱུད་ངོ་སྤྲོད་གནང་ཡོད། གཞན་ཡང་ཕྱི་ཚེས་ ༡༧ ཉིན་རྒྱབ་ཆུ་ཚོད་ ༡ ནས་སྐར་མ་བཞི་བཅུ་རིང་མི་དོན་ངོ་སྤྲོད་ཅེས་པའི་ལས་རིམ་སྐབས་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སྤྱི་ལོ་ ༡༩༨༨ ལོ་ནང་བོད་ལྗོངས་སློབ་ཆེན་སློབ་མ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མི་ལོ་ ༣༠ འཁོར་བའི་ བྱུང་རིམ་ཁག་ངོ་སྤྲོད་གནང་ཞིང་། གོང་གསལ་ལས་རིམ་ཁག་གསུམ་ཀུན་གསལ་འོད་སྣང་དུས་དེབ་རྩོམ་སྒྲིག་པ་ལྕམ་ལུའུ་ཧུད་ཅོན་ལགས་ཀྱིས་གཙོ་སྐྱོང་གནང་ཡོད།
ཐེངས་འདིའི་ཐེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་རྒྱལ་ཁབ་གྲངས་ ༥༢ དང་། དཔེ་སྐྲུན་ཁང་གྲངས་ ༧༣༥ བཅས་མཉམ་ཞུགས་གནང་ཡོད་ཅིང་། ཉིན་དྲུག་གི་འགྲེམས་ཚོང་སྐབས་ཁྱོན་མི་གྲངས་ལྔ་འབུམ་བརྒྱད་ཁྲི་ལྷག་གིས་སྒོ་འཛིན་ཉོས་ཏེ་འཛུལ་ཞུགས་བྱས་ཡོད་འདུག ཐེ་ཝན་རིག་གཞུང་ལྷན་ཁང་ནས་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ཉི་ཤུ་ལྷག་ལ་རྒྱལ་སྤྱི་དང་། ཐེ་ཝན་གྱི་ཆེད་ལས་དཔེ་སྐྲུན་ཁང་གཞན་དང་འདྲ་མཉམ་ཐོག་སྡིངས་ཆ་གཅིག་ཐོག་མཉམ་ཞུགས་ཐུབ་རྒྱུར་རིན་མེད་ཐོག་ཐེ་པེ་འཛམ་གླིང་ཚོང་འབྲེལ་ཁང་ཆེན་གྱི་ཚོམས་ཆེན་དང་པོ་ནང་ནས་འགྲེམས་སྟོན་གྱི་ས་ཆ་ཟུར་དུ་གླས་ཏེ་མཁོ་སྤྲོད་གནང་ཡོད་པ་བཅས།།