༢༠༡༩ ཟླ་ ༢ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཁ་སང་ཕྱི་ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་གློ་བུར་མེ་སྐྱོན་ཆེན་པོ་བྱུང་ནས་དགོན་པའི་ཡང་ཐོག་གི་༸རྒྱལ་བའི་གཟིམ་ཆུང་དང་ཁང་མིག་ཁག་གཅིག་རྩ་མེད་དུ་ཕྱིན་ཡོད་པ་དང་། གཞན་ཁང་མིག་ཁག་གཅིག་གི་སྒོ་དང་སྒེའུ་ཁུང་། གྱང་ངོས། དེ་བཞིན་ནང་རྟེན་སྐུ་བརྙན་ཁ་ཤས་ལའང་གནོད་སྐྱོན་བྱུང་འདུག
དེ་ཡང་ཆོས་རིག་དྲུང་ཚབ་ཟླ་བ་ཚུལ་ཁྲིམས་ལགས་དེ་གར་གནས་སྟངས་རྟོག་ཞིབ་གནང་སྐབས་མེ་སྐྱོན་བྱུང་རྐྱེན་གཙོ་བོ་གློག་ལ་བརྟེན་ནས་ཡིན་པ་ (Electricity short circuit) དགོན་པའི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་དགོན་པར་གྱོང་གུན་ཇི་ཙམ་བྱུང་ཡོད་མེད་དང་། རྒྱ་གར་མངའ་སྡེའི་གཞུང་ནས་རོགས་དངུལ་ཇི་ཙམ་གནང་ཡོད་མེད་ཐད་ཁྲལ་བསྡུ་ལས་ཁང་(Revenue office) གི་ལས་བྱེད་དང་། མེ་གསོད་རུ་ཁག་དང་ས་གནས་སྐོར་སྲུང་ལས་ཁུངས་ (Local Police) ལས་བྱེད་བཅས་བསླེབས་ནས་མེ་སྐྱོན་ལ་བརྟེན་ནས་གཏོར་བཤིག་ཇི་འདྲ་ཕྱིན་པའི་སྐོར་སྙན་ཐོ་ཞིག་བཟོས་འདུག་པ་དང་། གྱོང་གུན་བྱུང་བ་དེ་དག་འཆར་རྩིས་བཅས་གནང་འདུག དོན་རྐྱེན་དེའི་ཐོག་ཆོས་རིག་ལས་ཁུངས་ནས་འབྲེལ་ཡོད་དགོན་པར་ཐུགས་གསོ་དང་སྦྲགས་ཛ་དྲག་ངལ་སེལ་ལས་གཞིར་དམིགས་ནས་ཧིན་སྒོར་ ༢༥༠༠༠༠ འབྲེལ་ཡོད་ཀུ་ལུ་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ཕུལ་འདུག དེ་བཞིན་འབྲེལ་ཡོད་མངའ་སྡེ་ནས་རོགས་སྐྱོར་ཐོབ་ཐབས་སྐོར་དགོན་པའི་ལས་སྣེ་དང་ས་གནས་འགོ་འཛིན་ལས་ཁུངས་གཉིས་དང་ལྷན་གོ་བསྡུར་གནང་འདུག་པ་བཅས།།