༢༠༡༩ ཟླ་ ༡ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་མཉན་ཡོད་དུ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་པའི་སྟོན་པ་དྲུག་རྗེས་འབྲངས་དང་བཅས་པ་ཆོ་འཕྲུལ་གྱིས་ཕམ་པར་མཛད་པའི་ཆོ་འཕྲུལ་དུས་ཆེན་དུ་གྲགས་པ་དེ་ཉིད། བོད་ཡུལ་དུ་ལོ་ལྟར་བོད་ཟླ་དང་པོའི་ནང་ལོ་གསར་དགའ་སྟོན་རྗེས་སུ་བོད་མི་ཡོངས་ནས་དད་པ་དང་སེམས་ཚོར་ཆེན་པོའི་ངང་སྲུང་རྩི་ཞུ་སྲོལ་ཡོད་ཅིང་། བོད་མི་སེར་སྐྱ་མང་ཚོགས་དང་། སྲི་ཞུ་བ། གཞན་ཡང་དད་ལྡན་རྣམས་ཀྱིས་སྨོན་ལམ་བཏོན་པ་དང་། ཕྱག་འཚལ་སྐོར་སྦྱོང་། ལྷ་སའི་གཙུག་ལག་ཁང་དུ་༸ཇོ་བོ་རིན་པོ་ཆེས་གཙོས་སྐུ་གསུང་ཐུགས་རྟེན་ཁག་ལ་འཇལ་ཁ་དང་བྱིན་རླབས་ཞུ་བ་སོགས་རྣམ་དཀར་དགེ་སྦྱོར་གྱི་ལས་ལ་བརྩོན་བཞིན་པ་ནི་ཡོངས་གྲགས་ཡིན། སྤྱིར་དུས་ཆེན་དེ་ནི་སྔ་མོ་རྒྱ་གར་ནང་དུའང་ཆོས་རྒྱལ་རིམ་པས་བཀྲ་ཤིས་པའི་དུས་ཆེན་ཞིག་ལ་ངོས་འཛིན་ཞུས་ཡོད་པ་མ་ཟད། ཕྱིས་སུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རྗེས་བོད་རྗེ་ན་རིམ་དང་། བསྟན་པའི་གནད་མཁྱེན་པའི་སྐྱེས་བུ་དམ་པ་འགས་རང་རང་གི་བསྟི་གནས་སུ་ཆོ་འཕྲུལ་དུས་ཆེན་སྤྲོ་བར་མཛད་ཡོད།
མཆོད་སྤྲིན་རླབས་པོ་ཆེ་དང་ཡོངས་གྲགས་རྒྱུན་ཆགས་བྱུང་བ་ནི་ཕྱི་ལོ་ ༡༤༠༩ ལོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་འཛུགས་ཞུས་པ་ཡིན། ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནིར་གསེར་སྦྱངས་ཀྱི་དབུ་རྒྱན་རིན་པོ་ཆེའི་ཕྲ་ཚོམས་འབུལ་གནང་གིས་མཚོན། རྟེན་གཙོ་ཁག་ལའང་སྐུ་རྒྱན་དང་ན་བཟའ་གསོལ་བ། དང་པོ་དགེ་ལུགས་པའི་གདན་ས་སེ་ར་དང་འབྲས་སྤུངས་ཀྱི་བླ་གྲྭ་རྣམ་པས་སྲུང་བརྩི་གནང་སྲོལ་བྱུང་བ་དང་། རིམ་པས་དགོན་སྡེ་གཞན་རྣམས་ནས་ཀྱང་མཉམ་ཞུགས་གནང་འདུག དགེ་འདུན་སྟོང་ཕྲག་བརྒྱད་ལྷག་ཙམ་འདུ་འཛོམས་ཀྱིས་ཉིན་བཅོ་ལྔའི་རིང་སྨོན་ལམ་དང་མཆོད་པ་རྒྱ་ཆེར་མཛད་དེ་བསྟན་པ་ཡུན་རིང་གནས་པ་དང་། སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་སླད་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེ་གནང་སྲོལ་བྱུང་བ་དེ་ལྟར་ཡིན།
ཕྱི་ལོ་ ༡༦༡༤ ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་མཆོག་ནས་སེ་འབྲས་དགའ་གསུམ་གྱི་མཁས་པ་རྣམས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་ལམ་གསར་གཏོད་གནང་། མཁས་པ་ཚོས་རྟགས་གསལ་གཏོང་བ། འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་སྤྲོད་མཐར་སོན་མི་མང་ནང་དགེ་བཤེས་ལྷ་རམས་པའི་དམ་བཅའ་དང་མཚན་བཞེས་ཞུ་ཡི་ཡོད། དགོན་སྡེ་ཁག་ནས་འཆམ་ཁྲབ་པ་དང་སངས་རྒྱས་ཀྱིས་གོས་སྐུ་ཆེན་མོ་ཕོ་བྲང་པོ་ཏཱ་ལའི་རྩིག་ངོས་སུ་ཞལ་དབྱེ་སྟེ་མཆོད་འབུལ་གནང་གི་ཡོད། དུས་ཆེན་དེར་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས། སྨོན་ལམ་ཆེན་མོ་དེ་བཞིན་དུས་སྐབས་རེ་ཟུང་ལ་ཚུགས་མི་ཐུབ་པ་བྱུང་བ་མ་གཏོགས་ཕྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བཙན་འཛུལ་གྱི་ལོ་བར་མུ་མཐུད་སྲུང་བརྩི་ཞུས་ཡོད།
ཕྱི་ལོ་ ༡༩༥༩ ས་མོ་ཕག་གི་ལོར་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཆབ་སྲིད་ཀྱི་ཐུགས་འགན་ལྗིད་པོ་དང་རྒྱ་མིས་བཙན་འཛུལ་གྱི་ཛ་དྲག་གནས་སྟངས་དེ་འདྲའི་ནང་དུའང་། གཞུང་ལུགས་རྒྱ་མཚོར་གསན་བསམ་ཧུར་བརྩོན་ཞུས་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚེས་ ༡༣ ལ་མང་ཚོགས་ནང་རྒྱུག་སྤྲོད་ཞུས་ཏེ་དགེ་ཤེས་ལྷ་རམས་པའི་མཚན་བཞེས་མཛད། དུས་སྐབས་དེའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁོང་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཞེས་པའི་མཛད་རྣམ་ནང་གསལ་དོན།
༼ རྒྱུགས་སྤྲོད་དེ་དག་ནི་མཁས་པ་དང་གྲུབ་པའི་དགེ་བཤེས་ཤིན་ཏུ་མང་ཚོགས་ཀྱི་དབུས་སུ་བགྲོ་གླེང་བྱེད་དགོས་ཤིང༌། དེ་འདྲའི་དུས་སྐབས་དེ་ནི་ཕྲན་རང་ཉིད་ལ་ཤིན་ཏུ་གལ་ཆེ་ཞིག་ཡིན་པ་དང༌། བོད་ཡུལ་སྤྱི་ལའང་དེ་བཞིན་རེད། དུས་དེར་དམ་པའི་ཆོས་ཀྱི་འབེལ་གཏམ་གྱི་གནད་དོན་ཞིབ་ཅིང་ཆེས་ཕྲ་བཟང་ལ་མང་བས་ཕྲན་གྱི་ཤེས་རྒྱུད་ཡོངས་སུ་ངོམས་ཤིང་ཚིམས་པའི་དགའ་བ་ཟད་མི་ཤེས་པ་བྱུང༌། ༽ ཞེས་གསལ།
བཙན་བྱོལ་དུ་ཞབས་སོར་འཁོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བླ་སྤྲུལ་དང་དགེ་འདུན་པ་རྒན་གཞོན་སྟོང་ཕྲག་ལྷག་ཙམ་ནུབ་བྷེང་གཱལ་མངའ་སྡེའི་ས་གནས་སྦག་ས་དང་དེ་ནས་རིམ་པའི་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་བཞུགས་གནས་གོ་སྒྲིག་ཞུས་ཡོད་པར། ས་གནས་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་མ་ཆག་ཙམ་མུ་མཐུད་ཞུས་ཡོད། ཕྱི་ལོ་ ༡༩༦༩ ལོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གསར་བཞེངས་གྲུབ་ཚུན་ལོ་ལྟར་བོད་ཀྱི་ལོ་གསར་རྗེས་སུ་སྲུང་བརྩི་རྒྱུན་ཚུགས་མཛད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སེར་སྐྱ་མང་ཚོགས་རྣམས་ལ་སྐྱེས་རབས་བཀའ་ཆོས་མཛད་མུས་ཡིན།
སྨོན་ལམ་ཆེན་མོ་འདི་བཞིན་བཅོ་ལྔ་མཆོད་པའི་ཐོག་ནས་ཀྱང་ཡོངས་གྲགས་ཡིན། མཆོད་པ་འདི་རྒྱུད་སྟོད་དང་རྒྱུད་སྨད་གྲྭ་ཚང་གཉིས་ནས་ལོ་རེར་རེ་མོས་ཀྱི་གོ་སྒྲོགས་གནང་གི་ཡོད་འདུག མར་རྐོས་བཟོ་རིག་འདི་ནི་བོད་ཀྱི་མཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཞིག་ཡིན། གཏོར་མའི་ཐོག་མར་དང་མཚོན་གྱིས་སངས་རྒྱས་དང་ལྷ་སྲུང་། སེམས་ཅན་སོགས་ཀྱི་སྣང་བརྙན་མཛེས་པར་བཀོད་ཡོད་པ་ཚང་མས་དད་སེམས་དང་སྤྱན་ལམ་དུ་སྤྲོ་བར་མཛད་ཡོད།
འདི་ལོའི་སྨོན་ལམ་ཆེན་མོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་ལྷ་རམས་པའི་མཚན་བཞེས་མཛད་ནས་མི་ལོ་དྲུག་ཅུ་འཁོར་བ་དང་། འདི་ལོ་ས་མོ་ཕག་གི་ལོ་ཡིན་པར་བོད་རྩིས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུན་མོང་གདུལ་བྱའི་སྣང་ངོར་དགུང་སྐེག་དངོས་གཞི་འཁེལ་བར་བརྟེན། བོད་མི་སྤྱི་དང་ལྷག་པར་རྒྱལ་སྤྱིའི་དད་ལྡན་མང་ཚོགས་ཡོངས་ནས་མགོན་པོ་གང་ཉིད་ཀྱི་སྐུའི་འགེགས་བར་རྣམས་ཞི་ཞིང་བསྟན་འགྲོའི་ཕན་བདེའི་སླད་༸སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་རྣམ་དཀར་ཆོས་ཕྱོགས་ཀྱི་ལས་ལ་འབད་འབུངས་དགོས་པའི་དགེ་སྐུལ་གྱི་ཚུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སྲུང་ཅི་བསྒྲུབ་གང་ཐུབ་ཞུ་གལ་ཆེ།
བོད་ནང་ ༡༩༥༩ ལ་རྒྱ་མིས་བཙན་འཛུལ་བྱས་པ་ནས་བཟུང་སྨོན་ལམ་ཆེན་མོ་ཚུགས་དབང་བྱུང་མེད། ཕྱི་ལོ་ ༡༩༨༦ ནས་ལོ་གཅིག་གཉིས་མ་གཏོགས་ཚུགས་ཐུབ་མེད། དེ་ཡང་བོད་ནང་ཆོས་དད་རང་མོས་ཡོད་ལུགས་རྒྱལ་སྤྱིར་མིག་སྟོན་བྱ་རྒྱུའི་དམིགས་ཡུལ་ཡིན་འདུག རྒྱ་མིས་བཀག་འགོག་བྱས་པ་ནི་བོད་མི་མི་ཚོགས་མང་པོ་འཛོམས་པ་དེས་ནམ་ཞིག་སྡུག་རྩུབ་ཅན་གྱི་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱེད་མ་སྲིད་པ་མིན་པའི་དྭོགས་པ་ཡིན། ད་ལྟའི་ཆར་སྨོན་ལམ་ཆོན་མོའི་བོད་ཟླ་འདི་ནི་རྒྱི་མིས་ལྷ་ས་དང་ཉེ་འཁོར་ཡུལ་སྡེ་ཁག་ལ་དྭོགས་སྲུང་དང་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་དུས་ཚོད་ཞིག་ཆགས་ཡོད། དེ་ལྟར་ནའང་རྒྱ་མིས་ངོ་ཚ་ཁྲེལ་མེད་ཐོག་བོད་ལ་ཆོས་དད་རང་མོས་ཡོད་ཞེས་ཡོངས་གྲགས་བྱེད་བཞིན་པ་ནི་ཆེས་སྨྱོ་ཧམ་ཡིན་པ་བརྗོད་ག་ལ་དགོས།།
གོང་གི་ཆེད་རྩོམ་དེ་བཞིན་དྲིལ་བསྒྲགས་དྲུང་འཕར་ཚེ་དབང་རྒྱལ་པོ་ཨཱརྱ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་བཞེས་མཛད་ནས་ལོ་ངོ་ ༦༠ འཁོར་བ་དང་བསྟུན་བརྩམས་པ་ཞིག་ཡིན་ཞིང་།
ཁུངས་བཅོལ་ཡིག་ཆ། ༼༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཆོས་རིག་ལས་ཁུངས་ནས་བཏོན་པའི་ཡིག་ཆ་ཁག ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་སྲིད་དོན་རྒྱལ་རབས། ཤེས་རིག་ལས་ཁུངས་ནས་བཏོན་པའི་བོད་ཀྱི་དུས་ཆེན་ངོ་སྤྲོད། བཅར་འདྲི་ ལས་རིམ་༽
བཅས་ལ་ཁུངས་བཅོལ་འདུག