ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ ཉིན་ཨ་རིའི་མི་སེར་ཡིན་པ་རྒྱ་གར་བ་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དཱི་པག་ཅོབ་ར་Deepak Chopra ལགས་ཀྱིས་གཙོས་ཁོང་གི་གྲོགས་པོ་མི་གྲངས་ ༤༥ བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་སྔ་ང་ཚོ་ཐེངས་ཁ་ཤས་ཐུག་འཕྲད་བྱུང་མྱོང་ཡོད་ཀྱང་། དེ་རིང་ཁྱེད་རང་ཚོ་འདིར་ལོ་ངོ་ ༦༠ རིང་ངོས་རང་སྡོད་གནས་སུ་ཕེབས་ཡོད། འདི་ནི་ངོས་ཀྱི་ནང་ཡིན་པ་བརྗོད་ཆོག དེར་བརྟེན་ངོས་ཀྱི་ནང་ལ་ཕེབས་པར་དམིགས་བསལ་གྱིས་འཚམས་འདྲི་དང་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ཆོས་གྲོགས་རེད། དེ་རིང་ཁ་སང་འཛམ་བུ་གླིང་ནང་ཕྱི་དངོས་པོའི་ཆ་ནས་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་སོན་ཡོད། འོན་ཀྱང་ང་ཚོར་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། དཀའ་ངལ་མང་དག་ཅིག་ཡོད་པའི་ཁྲོད་ནས་དཔེར་ན་གོ་ལའི་ཚ་དྲོད་འཕེལ་བཞིན་པ་སོགས་ལ་མཚོན་ན་ང་ཚོར་བྱེད་རྒྱུ་མེད་པ་ལྟ་བུ་ཞིག་རེད། འོང་ཀྱང་འགྲོ་བ་མི་གཅིག་གིས་གཅིག་ལ་མཚོན་ཆ་བེད་སྤྱོད་བྱས་ནས་གསོད་རེས་གཏོང་གི་ཡོད་པ་དེ་དག་ང་ཚོས་བཀག་འགོག་བྱེད་ཐུབ་རྒྱུ་དང་། ང་ཚོ་སྐྱེ་ཙམ་ཉིད་ནས་ལག་ཏུ་མཚོན་ཆ་ཐོགས་པ་སུ་གཅིག་མེད། ང་ཚོ་མའི་ནུ་ཞོར་བརྟེན་ནས་འཚོ་བ་རེད། དེར་བརྟེན་ཚན་རིག་པ་ཚོས་ཀྱང་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་ར་འཕྲོད་ཐུབ་ཡོད། དེང་སྐབས་འཛམ་གླིང་ནང་གི་དཀའ་ངལ་ཕལ་ཆེ་བ་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་པ་དང་བརྩེ་བ་དེ་དག་ལ་དོ་སྣང་ཆུང་དྲགས་པ་དང་། ཕྱི་དངོས་པོའི་དཔལ་འབྱོར་འཛུགས་སྐྲུན་ཐོག་དོ་སྣང་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་ང་ཚོ་མིས་བཟོས་པའི་དཀའ་ངལ་རེད།
ང་ཚོ་མི་ལ་མཚོན་ན་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། ཚན་རིག་པས་བརྗོད་པ་ལྟར་ན། རང་རྒྱུས་ལ་བྱམས་བརྩེའི་བསམ་བློ་ཇི་ཙམ་ཤུགས་ཆེ་བ་ཡོད་པ་དེ་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ལའང་ཕན་རླབས་ཆེ་བ་དང་། དུས་རྟག་ཏུ་ཁོང་ཁྲོ་ལངས་པ་དང་། ཞེ་སྣང་བྱས་པ། དེ་བཞིན་དངངས་སྐྲག་སྐྱེས་ནས་བསྡད་པ་དེ་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ཞན་པ་མ་ཟད། ལྷག་པར་ལུས་ཟུངས་ཉམས་རྒྱུ་ཆགས་ཀྱི་ཡོད་པ་བརྗོད་ཡོད། དཀའ་ངལ་མང་པོ་ཞིག་ང་ཚོ་དང་ཁོ་པ་ཚོ། ཟེར་ནས་མི་གཅིག་གྱུར་ཡིན་བཞིན་དུ་ཕན་ཚུན་མི་མཐུན་པ་ཕྲན་ཚེགས་ལ་གཙིགས་ཆེར་འཛིན་ནས་དབྱེ་འབྱེད་བྱས་པར་བརྟེན་ཡོང་གི་ཡོད། ཐ་ན་ཆོས་ཉམས་ལེན་བྱེད་མཁན་ཚོས་ཀྱང་ང་ཚོ་དང་ཁོ་པ་ཚོ་ཞེས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཆོས་ལུགས་འཐེན་འཁྱེར་བྱས་རྐྱེན་དཀའ་ངལ་འཕྲད་བཞིན་ཡོད། དེ་ལ་བརྟེན་ནས་ཕན་ཚུན་གསོད་རེས་གཏོང་གི་ཡོད། དེ་བཞིན་ང་ཚོའི་རྒྱལ་ཁབ་དང་ཁོ་པ་ཚོའི་རྒྱལ་ཁབ་ཟེར་བའི་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློ་ཅོལ་ཆུང་ལ་བརྟེན་རྒྱལ་ཁབ་ཕན་ཚུན་མི་མཐུན་པ་ཡོང་གི་ཡོད།
བྱིས་པ་ཆུང་ཆུང་ཚོར་མཚོན་ན། མི་རིགས་དང་རྒྱལ་ཁབ། ཆོས་ལུགས་ཀྱི་བསམ་བློ་སོགས་གང་ཡང་མེད་པར་ཁོང་ཚོས་བྱིས་པ་གཞན་དང་ཐུག་སྐབས་གདོང་གི་རྣམ་འགྱུར་འཛུམ་ཤིག་ཤིག་བྱུང་ཚམས་ལམ་སེང་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་རྩེད་མོར་རོལ་བཞིན་ཡོད། འོན་ཀྱང་བྱིས་པ་རིམ་བཞིན་འཚར་ལོངས་བྱེད་སྐབས་གཙོ་ཆེར་ཤེས་ཡོན་ལམ་ལུགས་ཐོག་ནས་རྒྱལ་ཁབ་དང་། ལུང་ཚན། ཆོས་ལུགས་སོགས་རིམ་པ་གཉིས་པའི་གནས་སྟངས་ཐོག་ནས་དབྱེ་འབྱེད་ཀྱི་བསམ་བློ་སྐྲུན་བཞིན་ཡོད། དེ་ནི་དཀའ་ངལ་འབྱུང་རྩ་རེད། གཞི་རྩའི་ཆ་ནས་འགྲོ་བ་མི་ཚང་མ་གཅིག་གྱུར་རེད། ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་བསླབ་བྱ་དེ་དག་ཡོད་པ་གཅིག་མཚུངས་རེད། དེ་གལ་ཆེན་པོ་རེད།
ང་ཚོ་འཛམ་གླིང་ཐོག་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་ནས་མི་གཅིག་རེད། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་གཅིག་གྱུར་རེད། དེར་བརྟེན་མི་རེ་ངོ་རེས་འགྲོ་བ་མི་ཚང་མར་བདེ་སྐྱིད་ལྡན་སྐྲུན་ཐབས་ཆེད་འབད་བརྩོན་གནང་དགོས། དུས་རབས་ ༢༡ འདི་ནི་དེ་སྔ་དུས་རབས་ ༢༠ ནང་ལྟར་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་མ་ཡོང་བ་ཞིག་ངེས་པར་དུ་བྱེད་དགོས། དུས་རབས་ ༢༠ ནང་མི་གསོད་ཁྲག་སྦྱོར་ཧ་ཅང་ཚབས་ཆེན་བྱུང་ཡོད། ཚན་རིག་པ་གྲགས་ཅན་དེ་ཚོས་མིའི་ཕུལ་བྱུང་གི་ཀླད་པ་བཀོལ་ནས་མི་ཇི་ལྟར་གསོད་རྒྱུའི་རྡུལ་ཕྲན་མཚོན་ཆས་གཙོས་མཚོན་ཆ་ཧ་ཅང་མང་པོ་བཟོས་ཡོད།
ལོ་རྒྱུས་སྨྲ་བ་ཚོས་བརྗོད་པ་ལྟར་ན། དུས་རབས་ ༢༠ ནང་འཚེ་བའི་ལས་ལ་བརྟེན་ནས་མི་ས་ཡ་ཉིས་བརྒྱ་ཙམ་དམར་གསོད་བཏང་ཡོད་པ་བརྗོད་ཀྱི་འདུག དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་མཐའ་གཅིག་ཏུ་དྲག་པོའི་ཐབས་ལམ་ལ་བརྟེན་ནས་སེལ་ཐུབ་རྒྱུ་རེད་བསམ་པའི་བསམ་བློ་དེ་ནི་དེ་སྔ་དུས་རབས་ ༢༠ བསམ་བློ་གཏོང་སྟངས་ཤིག་ཡིན་སྟབས་རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད། དེ་ནི་དུས་ཚོད་ཡོལ་ཟིན་པ་རེད། ད་ཆ་དུས་རབས་ ༢༡ འདི་ནི་གྲོས་མོལ་བརྒྱུད་དཀའ་ངལ་རྣམས་སེལ་དགོས་སྟབས་གྲོས་མོལ་གྱི་དུས་རབས་ཤིག་ལ་ཆགས་ཐུབ་པར་ང་ཚོ་ཚང་མས་འབད་བརྩོན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས་དྲི་བ་ཁག་ཅིག་ལ་བཀའ་ལན་བསྩལ། །