༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་ལྟར་ཆེད་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་མཇལ་འཕྲད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་སྦྲགས་གསུང་དོན། བོད་པའི་མི་རིགས་གཅིག་ཨ་རིའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་པ་དེ་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་པ་དང་། དེ་བཞིན་དེ་རིང་འདིར་བཀུར་འོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལྷན་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་ངས་ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕྱག་ལས་གང་གནང་མིན་ང་ཚོས་བརྒྱུད་ལམ་ཁག་བརྒྱུད་ནས་ཤེས་གསལ་རེད། གཙོ་བོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་གི་ཆོས་དད་རང་དབང་མེད་པའི་གསན་སྟངས་ཐོག་དམིགས་བསལ་འགན་ཞིག་ཡོད་རེད་བསམ་གྱི་འདུག བར་ལམ་ཞིག་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་དང་ གཞན་ཡང་བོད་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་ལ་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོད་པ་ལྟར་གནང་དགོས་པ་ཞིག་ཀྱང་ཡིན་པར་བརྟེན། དེ་མཚུངས་ཕྱག་ལས་གནང་བཞིན་འདུག དེར་བརྟེན་ཐུགས་རྗེ་ཆེ། ཞེས་ཞུ་རྒྱུ་དང་། མ་འོངས་པར་ཡང་རྣམ་པ་ཚོ་ལྷན་འཛོམས་ག་དུས་བྱུང་བ་ཡིན་ནའང་བོད་ནང་དུ་ཆོས་དད་རང་དབང་མེད་པའི་གནས་སྟངས་སྐོར་གླེང་སློང་གནང་རོགས་གནང་། ཞེས་ངས་བོད་སྐུལ་དང་། རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུང་དོན། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་མཛད་འབྲེལ་ཆེན་པོ་ཡོད་ཀྱང་མཇལ་འཕྲད་གནང་རྒྱུའི་དུས་ཚོད་བཏོན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་ང་རང་གཞུང་འབྲེལ་འཚམས་གཟིགས་ཤིག་མ་རེད། ང་རང་ས་རཱ་མཐོ་རིམ་སློབ་གྲྭའི་གུང་གསེང་སྐབས་ཉམས་ཞིབ་ཀྱི་ཐབས་ལམ་དེ་འདྲ་སློབ་འཁྲིད་བྱེད་པར་ཡོང་རོགས་གསུངས་སོང་། ང་རང་སློབ་གྲྭ་དེ་དང་དམིགས་བསལ་འབྲེལ་བ་ཞིག་ཡོད། རྩ་བའི་ང་རང་སྔོན་མ་རིགས་ལམ་སློབ་གཉེར་ཁང་ལ་ས་བཅད་མ་སྟོང་ཙམ་སློབ་སྦྱོང་བྱས་པ་དང་རྒན་དམ་པ་མཇལ་མྱོང་ཡོད། རྒན་དམ་པའི་སྐུ་དྲིན་གསབ་ཆེད་སོ་སོས་འཇོན་ཚོད་དཔག་ཚོད་ཀྱི་འདིར་གང་མང་བཅར་ཐུབ་ཐབས་བྱེད་ཀྱི་ཡོད།
ང་རང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་རེད། འགན་གཙོ་བོ་དེ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནད་དོན་ཐོག་ལ་བསམ་བློ་ཞིག་གཏོང་དགོས་ཀྱི་ཡོད། འོན་ཀྱང་སོ་སོ་བོད་རིགས་ཤིག་ཡིན་སྟབས། དམིགས་བསལ་གྱི་ལས་འགན་ཞིག་འཁྲིས་ཡོད། དེར་བརྟེན་གོ་སྐབས་ནམ་བྱུང་སྐབས་དང་། གོ་སྐབས་གསར་པ་ག་དུས་བྱུང་བ་ཡིན་ནའང་བོད་པའི་གནད་དོན་དེ་གང་ཐུབ་སྤེལ་ཐུབ་ཐབས་བྱེད་ཀྱི་ཡོད། གཞི་རྩའི་ང་ཚོའི་ལས་ཀ་དེ་དང་བླངས་རེད། ཚུར་ཞབས་གླ་མེད། འོན་ཀྱང་སྡིངས་ཆ་ཆེན་པོ་ཞིག་དང་། མཚན་གནས་མཐོ་པོ་ཞིག་རེད། དེ་འདྲའི་ཆ་ནས་བོད་པའི་ཐོག་ལ་སྐད་ཆ་ཚིག་གཅིག་གཉིས་བཤད་པ་ཡིན་ནའང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོས་གཅིག་བཤད་ཀྱིས་འདུག་ལབ་ནས་ཡོམ་འདྲ་པོ་རྒྱག་ཡོང་གི་འདུག
དོན་དག་ཁག་གཅིག་གསལ་འདེབས་ཀྱི་ཚུལ་དུ་ཞུས་ན། ང་ཚོའི་ཕ་གིར་བསམ་བློའི་རང་དབང་མེད་པའི་བཙོན་པ་ (Prisoner of conscience (POC)) ཞེས་པའི་ལས་འཆར་ཞིག་ཡོད་རེད། དེའི་ནང་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ (Country of Particular Concern (CPC)) བློ་འཚབ་ཅན་གྱི་རྒྱལ་ཁབ་དེ་ཚོ་ནས་ང་ཚོ་འགན་འཛིན་མི་རེ་ངོ་རེས་དམིགས་སུ་བཀར་ནས་བསམ་བློའི་རང་དབང་མེད་པ་བཙོན་པ་གཅིག་གཅེས་སྐྱོང་ (Adopt) ཞུ་གི་ཡོད་རེད། ང་ཚོ་བོད་ནང་དེ་འདྲ་མང་པོ་ཡོད་རེད། ཚང་མའི་ནང་ནས་གནད་འགག་ཆེ་ཤོས་འདྲ་པོ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆགས་བསྡད་ཀྱི་ཡོད་ཙང་། དེ་ངས་གཅེས་སྐྱོང་ཞུས་བསྡད་ཀྱི་ཡོད་པ་དང་། དེའི་ཐོག་ལས་འགུལ་ཤུགས་ཆེན་པོ་ཞེ་དྲག་སྤེལ་གནང་ཡོད་རེད།
དེ་སྔོན་ང་རང་ཊོམ་ལེན་ཊོ་སེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ཀྱི་གནད་དོན་ཐོག་བདེན་དཔང་ (Testify) བྱེད་པར་ཤོག་ཟེར་བ་ལྟར་དེར་བཅར་སྐབས། བླ་རུང་སྒར་གི་གནས་ཚུལ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གནས་བབ་སྐོར། མ་འོངས་པར་༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་སྐོར་སོགས་ཞུས་སྐབས། ཚོགས་ཆུང་གི་ཚོགས་གཙོ་ཟུང་སྦྲེལ་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་ཀྱང་ང་དང་མཉམ་དུ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཅེས་སྐྱོང་ཞུ་གི་ཡིན་ཞེས་རྒྱབ་སྐྱོར་ཐོབ་སོང་། དེ་ནས་ང་གཉིས་མཉམ་དུ་གསར་འགོད་གསལ་བསྒྲགས་སོགས་ལས་འགུལ་མང་པོ་ཞིག་སྤེལ་གནང་ཡོད།
ང་ཚོ་ཚང་མས་མཁྱེན་གསལ་རེད། ཤུགས་བརྒྱབ་ས་གཅིག་དེ་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ (The Reciprocal Access to Tibet Act) དེ་ཁྲིམས་གཞི་རང་ཆགས་པ་རེད། དེ་སྔ་ས་ནས་ཚང་མས་ཤུགས་བརྒྱབ་ཡོད་རེད། ངར་སྡིངས་ཆ་ཆེན་པོ་ཞིག་ཐོབ་ཡོད་དུས། དེའི་ཐོག་ལ་ངས་ཀྱང་ཤུགས་ཆེན་པོ་ཞིག་བཤད་པ་རེད། གཏམ་བཟང་ཆེ་ཤོས་འདྲ་པོ་ཞིག་དེ་བྱུང་བ་རེད།
དེ་བཞིན་ང་རང་དུས་ཚོད་ཡོད་དུས་གྲོས་ཚོགས་འཐུས་མི་མཇལ་བར་འགྲོ་གི་ཡོད། ཐེངས་གཅིག་གྲོས་ཚོགས་འཐུས་མི་ (Patrick Leahy) མཆོག་མཇལ་བར་འགྲོ་དུས། སྐབས་དེར་ཁོང་བཞུགས་མི་འདུག་ཀྱང་། ཁོང་གི་ལས་ཁུངས་ནང་ཕྱག་ལས་གནང་མཁན་བོད་རིགས་ (Nima Binara) དང་མཇལ་དུས་ཁོང་ལ་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་སྐོར་གནད་འགག་ཆེན་པོ་ཞིག་རེད། ད་ལྟ་ཛ་དྲག་མེད་ཀྱང་བསམ་བློ་གཏོང་དགོས་ཀྱི་རེད་ཅེས་ཞུ་རྒྱུ་བྱུང་། ཕྱིས་སུ་སྐུ་ཞབས་ (Patrick Leahy) མཆོག་གིས་སྣེ་འཁྲིད་ནས་གྲོས་ཚོགས་ནང་༸རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐོག་བོད་པ་ཚོར་མ་གཏོགས་རྒྱ་ནག་གཞུང་ལ་ཇུས་གཏོགས་མེད་པའི་གྲོས་ཆོད་གལ་ཆེན་པོ་ཞིག་བཞག་ཡོད་རེད།
དེ་བཞིན་ཉིན་ཤས་སྔོན་ཨེ་ཤི་ཡ་ཡར་རྒྱས་ལས་གཞིའི་ཁྲིམས་འཆར་ (Asia Reassurance Initiative Act (ARIA)) ཁྲིམས་སུ་གཏན་འབེབས་གནང་བ་དང་། དེའི་ནང་དམིགས་བསལ་བོད་ཀྱི་གནད་དོན་བཀོད་ཡོད། འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་རྩ་ཆེའི་རིག་གཞུང་གཅེས་འཛིན་དང་། ཁོར་ཡུག་སྲུང་སྐྱོབ་སོགས་དངོས་སུ་གསལ་བསྡད་ཡོད་པ་དང་། བོད་ཀྱི་སྡེ་ཁག་ཟེར་གྱི་འདུག དེའི་ནང་བོད་ནང་ལོགས་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་པ་ཚང་མ་ཚུད་ཡོད་སྐོར་སོགས་གསུང་བཤད་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་བ་བཅས།