ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །མགོ་ལོག་རྐྱང་ཆད་ཡུལ་ཚོའི་ས་གནས་མི་མང་གིས་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་ལ་ནག་ཉེས་གང་ཡང་མེད་པས་མནར་གཅོད་མི་གཏོང་བར་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་རེ་ཞུའི་ཡི་གེ་སྤྲད་འདུག
དེ་ཡང་བོད་ཀྱི་དུས་བབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་སྤྱི་ཚོགས་དཀྲུག་རྐྱེན་བཟོས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་ཟི་ལིང་གྲོ་ཚང་གི་ལྟ་སྲུང་ཁང་དུ་བཅུག་ཡོད་པ་ལྟར། ཁོང་གི་ཕ་ཡུལ་མགོ་ལོག་རྐྱང་ཆད་ཡུལ་ཚོའི་མི་མང་ནས་རྒྱ་ནག་གཞུང་ལ་ཁོང་མྱུར་དུ་ཀློད་གྲོལ་གཏོང་དགོས་པ་དང་། ཁོང་ལ་ནག་ཉེས་གང་ཡང་མེད་པའི་རེ་ཞུ་ཡི་གེ་སྤྲད་འདུག འོན་ཀྱང་རེ་ཞུའི་ཡི་གེ་དེ་འདས་ལོའི་ཕྱི་ཟླ་ ༩ པའི་ནང་སྤྲད་པ་ཙམ་ལས་དུས་ཚེས་ཁ་གསལ་མི་འདུག
ཨ་ཉ་སེང་སྒྲ་ལགས་རྒྱ་ནག་གཞུང་གིས་སྤྱི་ཚོགས་དཀྲུག་རྐྱེན་བསླངས་པའི་ཉེས་འཛུག་འོག་འཛིན་བཟུང་བཀག་ཉར་བྱས་ཏེ་ཟླ་བ་ ༥ ཙམ་འགྲོ་བཞིན་ཡོད་པ་དང་། ལོ་སྔོན་མའི་ཟླ་ ༡༡ ཚེས་ ༡༢ ཉིན་དགའ་བདེ་རྫོང་ཉེན་རྟོག་ཁང་གིས་བརྡ་ཡིག་ཅིག་འབྱོར་བའི་ནང་། ཨ་ཉ་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་ཉེས་དོན་ཐག་གཅོད་བྱེད་བཞིན་ཡོད་ལུགས་དང་། དོགས་ཡོད་ཉེས་ཅན་ལ་ད་དུང་ཉེས་པ་ཆེན་པོ་གཞན་ཡོད་སྲིད་པས། ཉེས་དོན་ཞུ་གཏུག་གི་བཅའ་ཁྲིམས་དོན་ཚན་ ༡༦༠ ཡི་གཏན་འབེབ་ལྟར། དགའ་བདེ་རྫོང་ཉེན་རྟོག་ཁང་ནས་ཆོག་མཆན་སྤྲད་པ་བརྒྱུད། ཨ་ཉ་སེང་སྒྲ་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ ཉིན་བར་བཀག་ཉར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཀློད་གྲོལ་བཏང་བ་སོགས་ཀྱི་གནས་ཚུལ་གང་ཡང་གོ་ཐོས་མི་འདུག
ས་གནས་མི་མང་གིས་སྤྲད་པའི་རེ་ཞུ་ཡི་གེ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་འཛིན་ལས་ཁུངས་དང་འབྲེལ་ཡོད་ལས་བྱེད་པ་རྣམ་པ་ལགས། ངེས་རྐྱང་ཆད་ཡུལ་ཚོའི་ཨ་ཉ་སེང་སྒྲ་ལགས་ཀྱིས་ངེད་མི་དམངས་མང་ཚོགས་ཀྱི་ཚབ་བྱས་ཏེ། གཞུང་གིས་སྡོད་ཁང་དངུལ་སྒོར་སོགས་རྩིས་སྤྲོད་བྱེད་དགོས་པའི་ཐད་ནས་རེ་ཞུ་བྱས་པ་ཙམ་ཡིན་པས། ཁོང་ལ་མནར་གཅོད་དང་གཅར་རྡུང་སོགས་མེད་པར་མྱུར་དུ་ཁྲིམས་ནས་ཀློད་གློལ་གཏོང་བ་ལ་ངེད་མི་དམངས་མང་ཚོགས་ནས་རེ་བ་ཞུས་པ་ཡིན། མཇུག་ཏུ་ངེད་མི་དམངས་མང་ཚོགས་ཡོངས་ནས་ཞེས་མིང་རྟགས་མང་པོ་ཞིག་མཉམ་དུ་བཀོད་འདུག
ཡང་ཡུལ་མི་སྒེར་གྱི་རེ་ཞུ་ཡི་གེའི་ནང་ངེད་མི་དམངས་ཡོངས་ཀྱི་ཚབ་ཏུ་སེང་སྒྲ་ལ་ཁྲིམས་ཆད་མི་གཏོང་རོགས་ཞེས་པ་དང་། ངེད་རྐྱང་ཆད་ཡུལ་ཚོའི་མི་ཡོངས་ཀྱི་ཚབ་ཏུ་མ་ཉེས་ཁ་གཡོག་གིས་འཛིན་བཟུང་ཐེབས་པའི་ཁོང་ལ་ཁྲིམས་ཆད་མི་གཏོང་རོགས། ཡང་ཡུལ་མི་གཞན་ཞིག་གིས་ང་ཚོའི་རེ་ཞུ་དེ་སེང་སྒྲ་ཁོང་ང་ཚོ་མི་དམངས་མང་ཚོགས་ལ་བློ་དཀར་ཞིང་སེམས་དམར་བ་ཞིག་ཡིན་པས་ཁོང་ལ་ཁྲིམས་ཆད་མི་གཏོང་རོགས། ཞེས་སོགས་བརྗོད་འདུག
འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ དང་། ཟླ་ ༡༠ ཚེས་ ༢༡ བཅས་ལ་ཨ་ཉ་སེང་སྒྲ་ལགས་ཀྱི་བཟའ་ཟླ་གཡང་སྐྱིད་དང་། སྒེར་གྱི་ཁྲིམས་རྩོད་པ་ལིན་ཆི་ལི། གཉེན་ཉེ་བཅས་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ཏེ། ཁོང་ལ་ཐུག་འཕྲད་དགོས་སྐོར་ཞུས་ཡོད་ཀྱང་ཐུག་ཏུ་བཅུག་མེད་པ་རེད། འོན་ཀྱང་། ཟླ་དེའི་ཕྱི་ཚེས་ ༢༢ ཉིན་ཁྲིམས་རྩོད་པ་ཨ་ཉ་སེང་སྒྲ་ལགས་ལ་ཐུག་ཏུ་བཅུག་ཡོད་པ་དང་། ཨ་ཉ་སེང་སྒྲས་ཁྲིམས་རྩོད་པ་ལིན་ཆི་ལི་ལ་དགའ་བདེ་རྫོང་ཉེན་རྟོག་པས་ཁོ་རང་རྫོང་བཀག་ཉར་ཁང་དུ་བཀག་ཉར་མ་བྱས་པར་བསམ་བཞིན་གྲོ་ཚང་ཁུལ་བཀག་ཉར་ཁང་དུ་བསྐྱལ་བ་དེ་ནི། ས་གནས་སྲིད་གཞུང་གིས་ཁོང་ལ་མནར་གཅོད་གཏོང་སྟངས་ཤིག་ཡིན་པ་དང་། ཁོང་གིས་གོང་རིམ་ལ་མང་ཚོགས་ཀྱི་བདེ་སྡུག་ཞུས་པ་མ་གཏོགས་ཁྲིམས་འགལ་གྱི་ཀུན་སྤྱོད་རྩ་བ་བྱས་མེད་ཀྱང་། ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་འོག་བཞག་ཡོད་སྐོར་བརྗོད་ཡོད་པ་རེད།
དེ་བཞིན་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་གཡང་སྐྱིད་ཀྱིས་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་ལ་ཞུ་གཏུག་ཡི་གེ་ཞིག་བྲིས་ཏེ། དགའ་བདེ་རྫོང་ཉེན་རྟོག་ཁང་གིས་མོའི་བཟའ་ཟླར་བཟོས་པའི་བསམ་བློ་དང་དཔལ་འབྱོར་གྱི་གྱོང་གུན་ལ་གུན་གསབ་སྤྲོད་དགོས་པ་མ་ཟད། མྱུར་དུ་ཀློད་གྲོལ་གཏོང་དགོས་པ་དང་། ཁོས་རྒྱལ་ཁབ་ཀྱི་ཁྲིམས་སྲུང་སྐྱོབ་བྱས་ནས་ཁོང་འཛིན་བཟུང་བྱས་སྐོར་དང་། མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་ཉེན་རྟོག་ཁང་དང་རྫོང་སྲིད་གཞུང་གི་ཁྲིམས་འཛིན་ལས་ཁུངས་ཀྱི་ནག་ཚོགས་དེ་དག་གིས། ཏང་གི་མགོ་ཁྲིད་ལ་མི་ཉན་པ་དང་། རྒྱལ་ཁབ་ཀྱི་སྲིད་བྱུས་ཁྲིམས་ལུགས་ལག་བསྟར་མི་བྱེད་པ། གོང་རིམ་ལ་གསང་བ་དང་མི་མང་ལ་མགོ་སྐོར། དེ་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་གང་འདོད་ལྟར་དོན་དངོས་རྫུན་བཟོ་ཡིས་གྱོད་དོན་རྫུན་མ་བཟོ་བ་དང་། ཁྲིམས་ལ་གུས་སྲུང་བྱེད་པའི་སྤྱི་དམངས་ལ་མ་ཉེས་ཁ་གཡོག་བྱེད་པ། བོད་རིགས་འབྲོག་པའི་སེམས་ནང་གི་ཏང་དང་སྲིད་གཞུང་གི་གོ་གནས་དང་ཡིད་ཆེས་ལ་གཏོར་བརླག་གཏོང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག
ཨ་ཉ་སེང་སྒྲ་ལགས་ནི་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཐེངས་དང་པོ་དེ་མ་ཡིན་པར། ཕྱི་ལོ་ ༢༠༡༤ ཁོང་ས་གནས་སྲིད་གཞུང་གི་མགོ་འཁྲིད་དུ་འོས་འདེམས་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སེང་སྒྲ་ལགས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་དེ་ངོས་ལེན་མ་བྱས་པར། ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཀློད་གྲོལ་བཏང་ཡོད་པ་དང་། ཉིན་དེར་ས་གནས་མང་ཚོགས་ཀྱིས་བསང་གསོལ་བཏང་ནས་ཁོང་ལ་ཕེབས་བསུ་གནང་ཡོད་པ་རེད།