ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༠ ནས་ ༡༣ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ NIMHANS ཞེས་པའི་སེམས་ཁམས་འཕྲོད་བསྟེན་བསྟི་གནས་ཁང་གཉིས་ཟུང་འབྲེལ་ཐོག་རྒྱ་གར་དབུས་དང་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་དགེ་དང་མདུན་ལམ་སློབ་སྟོན་པ་ཁག་གཅིག་ལ་ལང་ཚོ་དར་བབ་ཆེད་འཚོ་ཐབས་རིག་རྩལ་གྱི་སྦྱོང་བརྡར་ཞིག་གོ་སྒྲིག་གནང་འདུག
དེ་ཡང་ཟབ་སྦྱོང་ཐོག་འཚོ་ཐབས་རིག་རྩལ་དང་འབྲེལ་བའི་ཐོག་ཐབས་ལམ་འདྲ་མིན་གྱི་ལམ་ནས་ཟབ་ཁྲིད་གནང་ཡོད་པ་དང་། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་གྱི་དགེ་རྒན་དང་མདུན་ལམ་སློབ་སྟོན་པ་གྲྭངས་ ༣༣ ཡོད་པ་དེ་དག་ནི་སློབ་གྲྭ་ཁག་གི་འཕྲོད་བསྟེན་དང་ལང་ཚོ་དར་བབ་སྡེ་ཚན་གྱི་ཚོགས་མི་ཤ་སྟག་ཡིན་པ་རེད།
ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད། དེ་བཞིན་མདུན་ལམ་སློབ་སྟོན་པ་བརྒྱུད་ནས་སློབ་ཕྲུག་རྣམས་ཀྱི་འཕྲོད་བསྟེན་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན་འདུག་པ་བཅས། །