ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༩ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ George Fernandes མཆོག་དགུང་ལོ་ ༨༨ ཐོག་འདས་གྲོངས་སུ་གྱུར་བར་དམ་པ་ཁོང་གི་ལྕམ་ Shrimati Leila Kabir ལགས་དང་ནང་མི་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་ངོས་དམ་པ་ཁོང་དང་ངོ་ཤེས་ཡིན། དུས་སྐབས་དེའི་རིང་ངོས་ཀྱིས་དམ་པ་ཁོང་དང་ཐེངས་མང་མཇལ་རྒྱུ་བྱུང་བ་མ་ཟད། དམ་པ་ཁོང་རྒྱ་གར་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་དུ་ཕེབས་ཟིན་རྗེས་སུའང་ངོས་ཀྱིས་མུ་མཐུད་མཇལ་མྱོང་ཡོད།
གནས་སྟངས་དཀའ་ངལ་ཇི་འདྲ་ཞིག་ཡོད་མིན་ལ་མ་ལྟོས་པར་དམ་པ་ཁོང་ནི་རང་གི་ལྟ་གྲུབ་གཞིར་བཟུང་བཞེངས་ཕྱོགས་བརྟན་པོའི་ཐོག་ནས་ཤར་བསྐྱོད་གནང་མཁན་ཞིག་ཡིན་སྟབས་ངོས་ཀྱིས་ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། བདེན་པ་ཙམ་མ་ཟད། འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་དགོངས་བཞེས་གནང་མཁན་གྱི་སྐྱེས་བུ་ཞིག་ཡིན། སྐུ་ཚེ་ཧྲིལ་པོའི་རིང་དམ་པ་ཁོང་གིས་མི་མང་ཉམ་ཐག་མགོན་མེད་ས་ཡ་མང་པོའི་མགྲིན་ཚབ་པ་ཙམ་མ་ཟད། ཕན་གྲོགས་རྒྱ་ཆེ་གནང་ཡོད། ལྷག་པར་དྲང་བདེན་ལ་རྒྱབ་སྐྱོར་དང་རྣམ་དཔྱོད་ཀྱི་བློ་གྲོས་ལ་མངོན་པར་བསྟོད་མཁན་ཞིག་རེད། དོན་དམ་གྱི་དཔའ་མཛངས་ལྡན་པའི་དབུ་ཁྲིད་ཅིག་ཡིན་པ་གོར་མ་ཆག
བོད་དོན་འཐབ་རྩོད་ལ་མཚོན་ན་ཐོག་མ་ཉིད་ནས་དམ་པ་ཁོང་གིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བ་དང་། བོད་དོན་ཐོག་གཏམ་བཤད་གནང་རྒྱུའི་གོ་སྐབས་ནམ་བྱུང་སྐབས་འཛེམས་ཟོན་སྤངས་ཏེ་རྒྱབ་སྐྱོར་གནང་བ་མ་ཟད། བོད་མི་དང་འདྲ་བའི་དཀའ་སྡུག་མྱོང་བཞིན་པའི་མི་མང་ཚོའི་དོན་དུའང་དེ་མཚུངས་རྒྱབ་སྐྱོར་གནང་ཡོད། སྤྱིར་དམ་པ་ཁོང་དང་ངོས་གཉིས་ཆོས་ལུགས་ཐ་དད་ཡིན་ཡང་ངོས་རང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་དམ་པ་ཁོང་སླར་ཡང་མི་ལུས་སུ་སྐྱེ་ནས་རྒྱལ་ཁབ་ཀྱི་ལས་དོན་ཐོག་མུ་མཐུད་སྲི་ཞུ་བསྒྲུབ་རྒྱུ་མ་ཟད། ལྷག་པར་ཉམ་ཐག་མགོན་མེད་རྣམས་ཀྱི་བདེ་དོན་ཆེད་ལས་འཕྲོ་མཇུག་སྐྱོང་གནང་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། ངོས་ཀྱིས་དུས་རྟག་ཏུ་དམ་པ་ཁོང་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་སྨོན་འདུན་མཛད་འདུག །