ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །དེ་ཡང་ “༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་” ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༩ ལོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་མཛད་འཆར་བསྐྱང་གཏན་འཁེལ་བ་ཁག་གཅིག་གསལ་བསྒྲགས་སྤེལ་འདུག་པའི་ནང་།
ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་།
ཕྱི་ཟླ་ ༢ ཚེས་ ༢༠ ནས་ཕྱི་ཚེས་ ༢༤ ཉིན་གྲངས་བཞིའི་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་ཞིང་།
ཕྱི་ཟླ་ ༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་མི་འདྲ་བ་ཁག་བཞི་ཡིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ནས་ ༧ བཅས་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་།
ཕྱི་ཟླ་ ༦ ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་ཞབས་ཟུར་པ་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་།
ཕྱི་ཟླ་ ༩ པའི་ཚེས་ ༣ ནས་ ༦ བཅས་ཉིན་བཞིའི་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་།
ཕྱི་ཟླ་ ༡༠ པའི་ཚེས་ ༢ ནས་ ༥ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་བཞིའི་རིང་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
ཕྱི་ཟླ་ ༡༡ པའི་ཚེས་ ༤ ནས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་རིང་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་།
ཕྱི་ཟླ་ ༡༢ པའི་ཚེས་ ༢༨ ནས་ ༣༡ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། གཞན་ཡང་། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་གྱི་སྔ་དྲོ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་བཅས།