ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅།།འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཀྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་མཇུག་སྒྲིལ་མཛད་དེ་ཕྱི་ལོ་༢༠༡༩ ཟླ་ ༡ ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༧། ༣༧ ཙམ་ལ་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་ཞབས་ཐང་ལ་ཆིབས་སྒྱུར་གྱིས་གནས་གཟིགས་མཛད་ཡོད་པ་དང་།
མགོན་པོ་གང་ཉིད་མཆོག་གིས་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་རྗེས་ཆུ་ཚོད་ ༨ ཡོལ་ཙམ་ལ་གནས་མཆོག་རྡོ་རྗེ་གདན་ནས་གྷ་ཡ་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །