ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༢ ཉིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་གནང་བའི་ཉིན་གྲངས་གསུམ་རིང་གི་རྒྱ་གར་ན་གཞོན་བོད་དོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དང་པོ་དེ་བཞིན་ལེགས་པར་མཇུག་སྒྲིལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༤༥ ཐོག་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས། རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ ༡༣ ནས་སློབ་དཔོན་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག དེ་བཞིན་ཉེ་བའི་འབུམ་རམས་པ་དང་ཟུར་ཉན་པ་སོགས་ལྷན་འཛོམས་ཀྱི་ཐོག་མར་བོད་ཀྱི་སྲིད་བྱུ
འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་མིན་པར་ནང་བསམ་བློའི་འབྲེལ་བ་ཆགས་ཡོད་སྟབས། འབྲེལ་བ་འདི་ཧ་ཅང་གལ་ཆེན་པོ་རེད། དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་སྐབས་བཀའ་སློབ་སྩལ་བ་ལྟར། ཚོགས་འདུ་གྲུབ་རྗེས་སོ་སོའི་ས་གནས་སུ་ཕེབས་ནས་མུ་མཐུད་ཉམས་ཞིབ་བམ་རྒྱུན་སྐྱོང་གི་ལས་ཀ་བྱེད་དགོས་པ་འགའ་ཤས་འདུག དང་པོོ་ནི། ༸གོང་ས་མཆོག་གི་དགོངས་གཞི་ལྟར། འཛམ་གླིང་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་སུ་རྣམ་པ་ཚོ་ངོས་ནས་ཤུགས་རྒྱག་དགོས། གང་ཡིན་ཟེར་ན་དེང་སྐབས་འཛམ་གླིང་འདིའི་ནང་དཀའ་ངལ་མང་དག་ཅིག་ཡོད་པའི་ནང་ནས་མང་ཆེ་བ་བཟང་སྤྱོད་ཉམས་པའི་དབང་གིས་ཆགས་ཀྱི་ཡོད་སྟབས་བཟང་སྤྱོད་གོང་སྤེལ་གཏོང་དགོས་ཀྱི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལྟར་བཟང་སྤྱོད་གོང་སྤེལ་སླད་ཆོས་ལུགས་བྱེ་བྲག་པ་གཅིག་ལ་བརྟེན་པ་ཡིན་ན། ཆོས་ལུགས་གང་ཞིག་ལ་བརྟེན་དགོས་པ་སོགས་གནད་དོན་མང་པོ་ཞིག་ཐོག་ནས་དཀའ་རྙོག་ཆེ་པོ་ཆགས་འགྲོ་རྒྱུ་རེད། ལྷག་པར་འཛམ་གླིང་མི་འབོར་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ཁས་ལེན་གྱི་མེད། ཕྱོགས་མཚུངས་མི་མང་པོ་ཞིག་གིས་ཆོས་ལ་འགལ་ཟླ་བྱེད་ཀྱི་ཡོད། དེར་བརྟེན་ཆོས་ལུགས་ཀྱི་སྐད་ཆ་མ་བཤད་པར་ང་ཚོ་བོད་པ་ནང་ལ་ཡིན་ན། འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཞེས་གཉིས་བཤད་པ་ནང་བཞིན། ཡོངས་ཁྱབ་ཀྱི་བཟང་སྤྱོད་སྤེལ་རྒྱུར་ཤུགས་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ལྟ་བུའི་བཟང་སྤྱོད་སྤེལ་བར་གལ་ཆེ་ཤོས་ནི་དངོས་ཡོད་གནས་ཚུལ་གང་ཡིན་པར་དཔྱད་པ་བྱེད་ཐུབ་པའི་རྣམ་དཔྱོད་དང་ཤེས་རབ། དེ་དང་མཉམ་དུ་གཞན་ལ་བརྩེ་སེམས་དགོས་ཀྱི་རེད། གཞན་སྡུག་བསྔལ་ལས་བྲལ་ན་སྙམ་པའི་བརྩེ་སེམས་ཡོད་ཚེ་མི་གཞན་ལ་མགོ་སྐོར་སླུ་བྲིད་དང་ལྐོག་ཟ་རུལ་སུངས་བྱེད་རྒྱུ་ལ་སོགས་པ་མང་པོ་ཞིག་རང་བཞིན་གྱི་འགག་འགྲོ་བ་རེད། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་མེད་པ་ཆགས་ནས་སྤྱི་ཚོགས་དེ་ཡག་པོ་ཞིག་ཆགས་ཀྱི་རེད། དེར་བརྟེན་རྣམ་པ་ཚོ་ས་གནས་སོ་སོར་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་དག་གང་ཐུབ་ལག་བསྟར་གནང་རྒྱུར་འབད་བརྩོན་གནང་རོགས་ཞུ་རྒྱུ་དང་།
གཉིས་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གནད་དོན་ཆེན་པོ་མང་པོ་ཞིག་གི་ཐོག་བཀའ་སློབ་ཕེབས་ཀྱི་ཡོད། ཉེ་ཆར་ནས་བཟུང་མགོན་པོ་གང་ཉིད་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་ཀྱི་འདུག་ཅེས་བཀའ་སློབ་སྩོལ་བཞིན་ཡོད། དེར་བརྟེན་རྒྱ་གར་ཤེས་ཡོན་ཅན་རྣམས་ཀྱིས་དེའི་ཐོག་དམིགས་བསལ་འགན་ཁུར་བཞེས་དགོས་ཀྱི་འདུག སྤྱིར་རྒྱ་གར་གནའ་བོའི་རིག་གཞུང་བརྗོད་སྐབས་རྒྱ་ཆེན་པོ་རེད།
འོན་ཀྱང་གལ་ཆེ་ཤོས་ནི་འགྲོ་བ་མི་རིགས་ཡོངས་ལ་ཕན་ཐོགས་པའི་གནད་དོན་གང་ཡིན་ནའང་རྒྱུ་མཚན་དང་རིག་པའི་ལམ་ནས་དཔྱད་པ་བྱས་ནས་འགྲོ་རྒྱུ་དང་། རྒྱུ་མཚན་བཀོད་ནས་གནས་ལུགས་གཏན་ལ་དབབ་རྒྱུའི་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་དེ་དག་བསྐྱར་ཞིབ་བྱ་རྒྱུ་དང་། ནང་གི་བསམ་བློ་དང་འབྲེལ་བའི་བྱམས་སྙིང་རྗེ་ལ་སོགས་པ་གོང་འཕེལ་གཏོང་རྒྱུ་སོགས་བློའི་རྣམ་གཞག་སྐོར་ཡག་པོ་ཤེས་པའི་ཐོག་ནས་སེམས་མ་སྐྱིད་པ་བཟོ་མཁན་གཙོ་བོ་ཉོན་མོངས་བློ་དེ་དག་ཡིན་པ་ར་འཕྲོད་པའི་ཐོག་ནས་བློ་དེ་དག་ཤུགས་ཆུང་དུ་བཏང་ནས་འཆམ་མཐུན་དང་བདེ་སྐྱིད་བསྐྲུན་མཁན་བྱམས་པ་དང་སྙིང་རྗེའི་བློ་དེ་དག་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་རེད།
འཛམ་གླིང་འདིར་དཀའ་ངལ་མང་དག་ཅིག་ཡོད་པ་དེ་དག་སེལ་དགོས་ན། ཆོས་དང་ཚན་རིག་གིས་དཀའ་ངལ་སེལ་གྱི་རེད་དམ་ཞེ་ན། སེལ་གྱི་མ་རེད། དཀའ་ངལ་དེ་དག་མིས་བཟོས་པ་ཞིག་ཡིན་སྟབས་མི་རང་ཉིད་ཀྱིས་སེལ་དགོས་པ་ནི་ཆོས་ཉིད་རེད། དེར་བརྟེན་རྣམ་པ་ཚོས་དེ་དག་ལ་ཉམས་ཞིབ་བམ་ལག་ལེན། སློབ་སྦྱོང་སོགས་ཤུགས་ཆེ་ཙམ་གནང་དགོས་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཚོགས་འདུར་མཉམ་ཞུགས་གནང་བའི་ཕྱག་འཁྱེར་གནང་།
དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས། །