ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅།བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཁང་འདི་ཉིད་ཕྱི་ལོ་ ༢༠༡༢ ལོར་ཐོག་མར་གསར་འཛུགས་གནང་བ་ནས་བཟུང་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ནང་ཤེས་འཕྲོད་གསུམ་དང་། ཕྱི་དྲིལ། དེ་བཞིན་དཔལ་འབྱོར་ལས་ཁུངས། གཞན་ཡང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སོགས་སུ་ལྷག་བསམ་དང་སྙིང་རུས་ལྡན་པའི་ཐོག་ནས་ཕྱག་ལས་རྒྱ་ཆེ་གནང་དང་གནང་མུས་ཡིན་པ་མ་ཟད། ཁྱད་ལས་དྭང་ཞབས་པའི་གྲངས་ཚད་ཀྱང་ལོ་རེ་བཞིན་འཕར་བཞིན་ཡོད། ལྷག་པར་ཕྱི་ལོ་ ༢༠༡༨ ནས་གྲངས་ཚད་ལྔར་ལྷག་འཕར་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོ་དང་བསྡུར་བ་ཡིན་ན་གྲངས་ཚད་ལྡབ་གཅིག་འཕར་ཡོད།
དེ་ཡང་ཁྱད་ལས་དྭང་བླངས་ཞབས་ཞུ་ལས་འཆར་ཚན་པའི་ལས་བྱེད་འཇིགས་མེད་དབྱངས་ཅན་ལགས་ལ་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་པར་འཇིགས་མེད་དབྱངས་ཅན་ལགས་ཀྱིས་གསུང་དོན། ཕྱི་ལོ་ ༢༠༡༢ ལོར་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཁང་ཐོག་མར་གསར་འཛུགས་གནང་བ་ནས་བཟུང་འདི་ལོར་ཁྱད་ལས་དྭང་ཞབས་པའི་གྲངས་འབོར་མང་ཤོས་ཆགས་ཡོད། དེ་དག་གི་ཁོངས་ནས་ཨ་རི་དང་ཁེ་ན་ཌ། རྒྱ་གར། ཨོ་གླིང་བཅས་ནས་ཕེབས་མཁན་གྱི་གྲངས་ཚད་ལ་མཚོན་ན་འདས་པའི་ལོ་དྲུག་ནང་སྤྱི་ཡོངས་ཀྱི་གྲངས་ཚད་ལས་མང་བ་ཆག་ཡོད། ཕྱི་ལོ་ ༢༠༡༢ ནས་ ༢༠༡༧ བར་དྭང་ཞབས་པའི་གྲངས་ཚད་ལ་མཚོན་ན་མི་གྲངས་ ༡༠ ནས་ ༢༤ བར་ཆགས་ཡོད། ཕྱི་ལོ་ ༢༠༡༢ ལོར་དྭང་ཞབས་པ་གྲངས་ ༨ ཕེབས་ཡོད། དེ་ནས་ལོ་རིམ་སོང་གིས་བོད་མིའི་ཁྱད་ལས་དྭང་ཞབས་པ་གྲངས་ཚད་ ༡༡།༡༥།༢༢། ༢༤ བཅས་འཕར་བ་མ་ཟད། འདི་ལོར་མཚོན་ན་དྭང་བླངས་པ་མི་གྲངས་ ༤༡ ཕེབས་འདུག་པ་ཁོང་རྣམས་ཨ་རི་དང་རྒྱ་གར། ཁེ་ན་ཌ། བལ་ཡུལ། སུད་སི། ཨིན་ཡུལ་བཅས་ནས་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་འདྲ་མིན་ཡོད་པ་དེ་དག་གི་ལས་འཆར་གསར་པ་དང་ལས་གཞི་ཁག་འདྲ་མིན་སྤེལ་བཞིན་ཡོད་པར་བརྟེན་བོད་མི་གཞོན་སྐྱེས་དེ་དག་ལ་རང་གི་ཤེས་ཡོན་དང་འབྲེལ་བའི་རྣམ་དཔྱོད་འདོན་སའི་གླེང་སྟེགས་གལ་ཆེ་ཞིག་ཆགས་ཡོད་སྟབས། བོད་མི་ཁྱད་ལས་དྭང་ཞབས་པ་རྣམས་མ་སྐུལ་དྭང་བླངས་ཐོག་ནས་ལས་རིགས་སྣ་ཚོགས་ནང་ཕྱར་གྲུ་མཉམ་འདེགས་གནང་བཞིན་པ་དེ་ལྟར་ཡིན།
དེ་ཡང་ཨ་རི་ནས་ཕེབས་པའི་དྭང་ཞབས་པ་མཁའ་འགྲོ་ལགས་ཀྱིས། “ང་རང་ཕྱི་རྒྱལ་དུ་གནས་སྡོད་བོད་མིའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་མི་འདུ་སྡོད་ཀྱི་སྤྱི་ཚོགས་འདི་ལྟ་བུ་རྒྱ་ཆེན་པོ་ཞིག་ནང་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། འདིར་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་རྒྱུ་བྱུང་བ་ནི་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ལ་རང་ནུས་གང་ཡོད་ཀྱི་ཕན་ཐོགས་དང་ཞབས་ཞུ་བསྒྲུབས་ཐུབ་པའི་དགའ་ཚོར་ཙམ་མ་ཟད། རང་གི་གང་ཤེས་པའི་སློབ་སྦྱོང་དང་ལག་སྩལ་འདོད་བློ་ཁེངས་པའི་ཐོག་ནས་བཀོལ་སྤྱོད་བྱེད་ཐུབ་བཞིན་འདུག འདིར་བོད་མི་ཁོ་ནའི་ཁོར་ཡུག་ལྡན་པའི་སྤྱི་ཚོགས་ཤིག་ཡིན་སྟབས་འགྲོ་འདུག་སྤྱོད་གསུམ་བོད་མིའི་གོམས་གཤིས་ལྷད་མེད་ཅིག་ནང་ཉམས་མྱོང་ཐོབ་པ་ནི་ཧ་ཅང་རྩ་ཆེ་ཞིག་ཡིན། ཕྱི་རྒྱལ་ཁག་ཏུ་གོ་སྐབས་འདི་འདྲ་ཐོབ་རྒྱུ་མ་རེད། “ཅེས་གསུངས།
དེ་ཡང་ལས་འཆར་ཚན་པའི་ལས་བྱེད་འཇིག་མེད་ལགས་ཀྱིས། “འདིར་ཕེབས་མཁན་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་སོ་སོའི་ལས་འཆར་དཔེར་ན་དྲ་རྒྱའི་རྣམ་པ་ཡར་རྒྱས་གཏོང་རྒྱུ་དང་། སྤྱི་ཚོགས་དྲ་རྒྱ་དང་། འཕྲོད་བསྟེན་ལས་གཞི། གཞི་རིམ་དང་འབྲིང་སློབ་གྲྭའི་ནང་སློབ་འཁྲིད་གནང་རྒྱུ་སོགས་ལས་གཞི་འདྲ་མིན་ནང་ཞབས་ཞུ་གནང་བཞིན་ཡོད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལས་གཞི་དང་འབྲེལ་ནས་དྭང་ཞབས་པ་དེ་དག་གིས་འབྱུང་འགྱུར་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ལས་གཞིའི་ཐོག་ཉམས་ཞིབ་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་སྐོར་གོ་རྟོགས་ལས་གཞི་ནུས་ལྡན་ཇི་ལྟར་སྤེལ་ཐུབ་མིན་ཐོག་ཉམས་ཞིབ་ལག་བསྟར་ཐུབ་པ་སོགས་བྱུང་ཡོད། དེར་བརྟེན་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མང་པོ་ཞིག་གིས་བོད་མིའི་ཁྱད་ལས་དྭང་ཞབས་པ་དགོས་མཁོ་ཡོད་པའི་རེ་འདུན་འདོན་བཞིན་འདུག “ཅེས་གསུངས། །
བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཁང་གི་དྲ་ཚིག་ tibetcorps.org ལ་གཟིགས་གནང་ཡོང་བ་ཞུ།།