ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ ནས་ ༣༡ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་སྩལ་བ་མ་ཟད། ཕྱི་ཚེས་ ༢༦ ཉིན་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་སོགས་ཆོས་འབྲེལ་རྒྱ་ཆེ་མཛད་མཐར། ཕྱི་ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་དང་། གམ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་། དེ་བཞིན་ཤེལ་དཀར་ཆོས་སྡེ་མངའ་ཞབས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་སོགས་མཛད་འཕྲིན་རྒྱ་ཆེ་སྐྱོང་སྐབས། བོད་ནས་ཆེད་མངགས་ཆོས་ཞུར་བཅར་མཁན་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་བཟོས་པར་བརྟེན། བོད་ནས་ཆོས་ཞུ་བ་མི་གྲངས་བརྒྱ་ཙམ་ལས་ཕེབས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་སྩོལ་སྐབས། བོད་མི་མང་པོ་ཞིག་བོད་ནས་བཀའ་ཆོས་ཞུ་བར་བཅར་ཡོད་ཀྱང་དུས་འཁོར་དབང་ཆེན་དངོས་གཞིའི་མཚམས་དེར་རྒྱ་ནག་གཞུང་གིས་གློ་བུར་དུ་བོད་མི་རྣམས་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་མ་ཟད། གལ་ཏེ་དུས་བཀག་རྒྱས་བཅད་ནང་ཚུད་ཕྱིར་ལོག་མ་བྱེད་ཚེ་ཉེས་པ་ཚབས་ཆེ་འགེལ་རྒྱུ་ཡིན་པའི་སྡིགས་ར་ཤུགས་ཆེ་བཏང་ཡོད། དེར་བརྟེན་བོད་མི་མང་པོ་ཞིག་འཇིགས་སྣང་དངངས་སྐྲག་འོག་མི་འདོད་བཞིན་དུ་བོད་ནང་ཕྱིར་ལོག་དགོས་པ་བྱུང་བ་མ་ཟད། བོད་དུ་འབྱོར་མཚམས་འཕྲལ་མར་མི་སེར་ལག་འཁྱེར་རྣམས་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་རྗེས་ཕྱིར་ནམ་ཡང་སྤྲད་མེད།
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་འགྲོ་མི་ཆོག་པའི་བཀོད་ཁྱབ་བཏང་བ་མ་ཟད། བོད་མི་ཆོས་ཞུར་བཅར་བ་རྣམས་འཕྲལ་མར་བོད་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་འདུག ཆོས་ཞུ་བ་རྣམས་བོད་དུ་ཕྱིར་འབྱོར་མཚམས་རྒྱ་ནག་གཞུང་གིས་བོད་མི་དེ་དག་གི་ལག་འཁྱེར་བཙན་འཕྲོག་གིས་དེ་མ་ཐག་མིག་གི་མདུན་དུ་རྩབ་ཧྲལ་དུ་བཏང་ཡོད།
རྒྱ་གར་དུ་གནས་མཇལ་དང་ཆོས་ཞུ་བར་བསྐྱོད་ཆེད་བོད་མི་ཚོ་རྒྱ་ནག་གཞུང་གི་ལས་ཁུངས་ཁག་ཏུ་བཅར་སྐབས་རྒྱ་གཞུང་ལས་བྱེད་པ་ཚོས་བོད་མི་ཚོར་མཐོང་ཆུང་ཁྱད་གསོད་དང་། ཁ་རྡུང་བཏང་བ་སོགས་མདོར་ན་དངོས་ཤུགས་བརྒྱུད་ནས་བོད་མི་དེ་དག་གནས་མཇལ་དང་བཀའ་ཆོས་ཞུ་རྒྱུར་དམ་བསྒྲགས་བྱེད་ཐབས་བྱས་དང་བྱེད་མུས་རེད་འདུག
རྒྱ་གཞུང་གིས་བོད་མིའི་ཐོག་མི་སེར་ལག་འཁྱེར་སྤྲོད་ཕྱོགས་ཐད་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པ་དེས་བོད་མི་ཚོར་མི་སེར་ལག་འཁྱེར་ཐོབ་རྒྱུའི་ཐད་འགོག་རྐྱེན་བཟོ་བཞིན་པ་མ་ཟད། བོད་མི་ཚོའི་འགྲོ་བསྐྱོད་ཀྱི་རང་དབང་ལའང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། སྲིད་བྱུས་དེ་འདྲ་ཞིག་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པ་ནི་ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤེས་རྟོགས་ཐུབ་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོར་ལག་འཁྱེར་གསར་པ་བཟོ་རྒྱུ་ཡིན་ཟེར་ནས་ལག་འཁྱེར་རྙིང་པ་རྣམས་བསྡུས་ཤིང་། ཕྱིར་ལག་འཁྱེར་གསར་རྙིང་གཉིས་ཀ་རྩ་བ་ནས་མ་སྤྲད་པ་དེ་འདྲ་བྱེད་བཞིན་ཡོད། དེར་བརྟེན་བོད་མི་དེ་དག་སླར་ཡང་ཕྱིར་བསྐྱོད་ལག་འཁྱེར་གསར་བཟོའི་ཆེད་ལས་ཁུངས་སུ་བསྐྱོད་སྐབས་ཀ་ཀོར་སྣ་ཚོགས་བྱས་ནས་ལག་འཁྱེར་ཐོབ་ཐབས་བྲལ་བའི་གནས་སྟངས་ཆེད་མངགས་བཟོ་བཞིན་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༨ ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་ཁག་གཅིག་གིས་བརྗོད་དོན། “རྒྱ་ནག་གཞུང་གིས་བོད་མི་ཚོར་ལག་འཁྱེར་སྤྲོད་ཕྱོགས་ཐད་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པ་དེར་ང་ཚོར་སེམས་འཚབ་ཧ་ཅང་འདུག སྲིད་བྱུས་དེ་ནི་ཆེད་མངགས་གྲངས་ཉུང་མི་རིགས་ཡིན་པའི་བོད་མི་ཚོར་དམིགས་འཛུགས་བྱེད་པ་ཞིག་རེད། དེར་བརྟེན་རྒྱ་ནག་གཞུང་གིས་དེའི་ཐད་ལན་འདེབས་ཁ་གསལ་རྒྱག་དགོས། “ཞེས་གསུངས།
ཕྱོགས་མཚུངས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་གཙང་སེལ་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༨ ནང་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་སེར་ལག་འཁྱེར་སྤྲོད་ཕྱོགས་ཐད་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱས་པ་སོགས་ལ་བརྟེན་ནས་བོད་མི་ཚོར་མི་སེར་ལག་འཁྱེར་གྱི་ཐོབ་ཐང་རྩ་བ་ནས་མ་སྤྲད་པའི་གནས་སྟངས་ཤིག་འདུག དེར་བརྟེན་མི་རིགས་དབྱེ་འབྱེད་གཙང་སེལ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ། ད་ཡོད་མི་སེར་ལག་འཁྱེར་སྤྲོད་ཕྱོགས་ཐད་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པ་དེར་འཕྲལ་མར་མཚམས་འཇོག་གིས། མི་སེར་ལག་འཁྱེར་སྤྲོད་ཕྱོགས་ཐད་དབྱེ་འབྱེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ་དང་སྦྲགས། བོད་མི་རྣམས་ལ་མི་སེར་ལག་འཁྱེར་སྤྲད་པ་བརྒྱུད་བོད་མི་ཚོ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཙམ་མ་ཟད། དེ་ལས་བརྒལ་ནས་ཕྱི་རྒྱལ་སོགས་སུའང་འགྲོ་བསྐྱོད་ཆོག་པའི་རང་དབང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
ལྷག་པར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ཀྱིས་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་བོད་མིའི་འགྲོ་བསྐྱོད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་དང་མཉམ་སྦྲེལ་རྒྱལ་ཚོགས་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་དོན། “རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྣོན་ཤུགས་ཇི་ཙམ་སྤྲད་ཀྱང་བོད་མི་ཚོའི་འགྲོ་བསྐྱོད་ཀྱི་རང་དབང་ཐད་དམ་བསྒྲགས་མུ་མཐུད་བྱེད་བཞིན་འདུག ལྷག་པར་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་འདུག མི་སེར་ལག་འཁྱེར་མ་སྤྲད་པར་བརྟེན་བོད་མི་རྣམས་རྒྱ་གར་དུ་གནས་མཇལ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་ནས་བཀའ་ཆོས་ཞུ་ཐུབ་ཐབས་བྲལ་བའི་གནས་སྟངས་ཤིག་ཆགས་འདུག དེར་བརྟེན་རྒྱལ་ཚོགས་ཀྱི་ཚོགས་མི་རྣམ་པས་རྒྱ་ནག་གཞུང་ལ་མུ་མཐུད་སྣོན་ཤུགས་སྤྲད་པ་བརྒྱུད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྒྲིག་གཞིར་བརྩི་བཀུར་བྱ་རྒྱུ་ཡིན། ཞེས་ཁས་ལེན་བྱས་པ་དེ་དག་ལག་བསྟར་རྒྱུན་འཁྱོངས་དགོས་པའི་དྲན་སྐུལ་ངེས་པར་གཏོང་དགོས།” ཞེས་གསུངས། །