ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢ རེས་གཟའ་ཉི་མ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ཨུ་ཏྟར་པྲ་དེཤ་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་ཞེས་པའི་ནང་པའི་གནས་ཆེན་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི། མུམ་བྷེ། གནས་མཆོག་རྡོ་རྗེ་གདན་བཅས་སུ་གདན་ཞུས་ལྟར་བསྟན་འགྲོའི་བདེ་ཐབས་ལ་སྨན་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་གྲུབ་བྱུང་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་དོན། ད་ཐེངས་ཏོག་ཙམ་ཐང་ཆད་བྱུང་། བདུན་ཕྲག་བཞི་ལྷག་ཙམ་བསྡད་པ་རེད། ཏོག་ཙམ་རིང་དྲགས་འདུག ཁ་སང་རྡོ་རྗེ་གདན་དུ་མི་ཧ་ཅང་མང་པོ་ཞིག་འཛོམས། ཐལ་བ་དང་དེ་འདྲ་ལ་བརྟེན་ནས་ནད་ཡམས་ལྟ་བུ་འཁྱུག་ཙམ་བྱུང་འདུག མི་མང་ནང་དུའང་སྐྱུག་བཤལ་བྱས་པ་དེ་འདྲ་བྱུང་འདུག ངོས་རང་ཡང་དེ་མཚུངས་འཁྱུག་ཙམ་རིང་སྐྱུག་བཤལ་བྱས་བྱུང་། ད་ལྟ་བདེ་ཐང་ཡིན། ཞེས་བཀའ་ལན་སྩལ།
དེ་ནས་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས། །