ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དགུང་གྲངས་ ༤༢ སོན་པ་རྒྱལ་གཅེས་པ་ཆོས་སྐྱིད་ལགས་ཕྱི་ལོ་༢༠༡༩ ཟླ ༡ ཚེས་ ༡༨ ཉིན་གྱི་མཚན་མོའི་ཆུ་ཚོད་ ༩ ཐོག་རང་ཁྱིམ་དུ་འབྱོར་འདུག
རྒྱ་ནག་གཞུང་གིས་དེ་སྔོན་བཤད་པ་ལྟར་ན་ཉིན་དེའི་ཉིན་གུང་ཙམ་ལ་བཙོན་གྲོལ་གཏོང་རྒྱུ་ཡིན་ཚུལ་བཤད་ཀྱང་དུས་ཐོག་གློད་བཀྲོལ་བཏང་མེད། རྒྱུ་མཚན་ནི་ས་གནས་ཡུལ་མི་དང་ཁོང་གི་གཉེན་ཉེ་སོགས་ཀྱི་ཁོང་ཉིད་རང་ཁྱིམ་དུ་འབྱོར་བར་རེ་སྒུག་བྱས་པར་བརྟེན། རྒྱ་ནག་ཉེན་རྟོག་པ་དང་རྫོང་སྲིད་གཞུང་སོགས་ཀྱིས་དམ་བསྒྲགས་བྱས་པ་ཞིག་ཡིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་བརྗོད་དོན། ཁོང་བསུ་བར་ཁོང་གི་ཁྱིམ་མི་དངོས་མ་གཏོགས་གཞན་མི་སུ་གཅིག་ཀྱང་ཡོང་མི་ཆོག་པ་དང་། གལ་ཏེ་སླེབ་པ་ཡིན་ན་ཁོང་བཙོན་གྲོལ་གཏོང་རྒྱུ་མིན་པ་དང་། ཡང་ན་སླར་ཡང་བཙོན་འཇུག་བྱ་རྒྱུའི་ཉེན་བརྡའང་བཏང་འདུག
འོན་ཀྱང་གྲོང་མི་བརྒྱ་ལྷག་ཁོང་ཉིད་བསུ་བར་འབྱོར་ཡོད་སྟབས་རྒྱ་ནག་གཞུང་གིས་མི་དེ་དག་རང་སར་ཕྱིར་ལོག་མ་བྱས་ཚེ་ཆོས་སྐྱིད་ལགས་གློད་བཀྲོལ་གཏོང་རྒྱུ་མིན་ཚུལ་བཤད་འདུག
གཞན་ཡང་ས་གནས་ཡུལ་ཚོ་དང་སྡེ་མི་དག་ལ་རྒྱ་ནག་གཞུང་གིས་སྔོན་ནས་བཤད་དོན། ཆོས་སྐྱིད་ལགས་བསུ་བ་དང་། ཁོང་གློད་བཀྲོལ་བཏང་བའི་སྐོར་ཁྱབ་བསྒྲག་གང་ཡང་བྱེད་མི་ཆོག་པ་མ་ཟད། གལ་ཏེ་བྱས་པ་ཡིན་ན་བཙོན་འཇུག་དང་ཁྲིམས་ཆད་སོགས་ཕོག་ངེས་ཡིན་པ་སོགས་འཇིགས་སྐུལ་དང་དམ་བསྒྲགས་བྱ་རྒྱུའི་སྐད་ཆ་མང་པོ་བཤད་འདུག མདོར་ན་རྒྱལ་གཅེས་པ་ཆོས་སྐྱིད་ལགས་གོང་ཚེས་ཉིན་གྱི་མཚན་མོ་ཆུ་ཚོད་ ༩ ཐོག་རྒྱ་ནག་རྒྱལ་སྲུང་ཉེན་རྟོག་པ་འགའ་དང་མཉམ་རང་ཁྱིམ་དུ་འབྱོར་འདུག
དེ་ཡང་རྒྱལ་གཅེས་པ་ཆོས་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པར་བསྙད་དེ་ལོ་བཞིའི་དུས་བཀག་བཙོན་འཇུག་བྱས་ཡོད། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཇི་ཡིན་གསལ་རྟོགས་ཐུབ་མེད། །