ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིགས་སློབ་མ་ལག་གཉིས་ནས་འཁོར་ལོ་གསུམ་གྱི་གཟེངས་བསྟོད་ཕུལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་བཅས་ཕེབས་ཡོད་པ་རེད།
དེ་ཡང་མཛད་སྒོའི་ཐོག་མར་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་འཁོར་ལོ་གསུམ་གྱི་གཟེངས་བསྟོད་དང་གཟེངས་བསྟོད་དེ་བཞེས་མཁན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ལ་འཁོར་ལོ་གསུམ་གྱི་གཟེངས་བསྟོད་ཕུལ།
རྡ་ས་རིགས་ལམ་སློབ་གཉེར་ཁང་གི་སློབ་ཟུར་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ལོ་མང་རིང་བོད་ཀྱི་དཔེ་མཛོད་ཁང་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བླ་ཆེན་དུ་མའི་གསུང་སྒྱུར་ཞུས་ཏེ་ཆོས་དང་རིག་གཞུང་དར་སྤེལ་ཆེད་ཕྱག་ལས་གནང་བ་མ་ཟད། ད་ལྟ་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུགས་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་སོགས་གཟེངས་སུ་ཐོན་པའི་མཛད་རྗེས་ལ་འཁོར་ལོ་གསུམ་གྱི་གཟེངས་བསྟོད་འདི་རིགས་སློབ་མ་ལག་གཉིས་ནས་ཕུལ་བ་ཞིག་རེད།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། སྣ་མང་རིག་གཞུང་དབར་གྱི་འབྲེལ་ལམ་ Communicating Across Culture ཞེས་པའི་དཔེ་དེབ་དབུ་འབྱེད་གནང་། དཔེ་དེབ་དེ་རྩོམ་མཁན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་སི་ཊེ་ལ་ Stella Ting Toomey ལགས་རྣམ་གཉིས་རེད། གཟེངས་བསྟོད་གྱི་མཛད་སྒོ་དང་འབྲེལ་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་དོན།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། དེ་བཞིན་རིགས་སློབ་མ་ལག་གཉིས་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འཁོར་ལོ་གསུམ་སྟེ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང༌། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་བཅས་གསུམ་ནང་ནས་ང་རང་གི་བློར་འཇུག་ཤོས་དེ་བྱ་བ་ལས་ཀྱི་འཁོར་ལོ་རེད། དྲང་པོར་ཞུས་པ་ཡིན་ན། ངས་དཀའ་ལས་ཧ་ཅང་བརྒྱབ་ཡོད། བོད་ཀྱི་དཔེ་མཛོད་ཁང་དུ་ལོ་ངོ་ ༡༣ ལྷག་ལ་གསུང་སྒྱུར་ཞུས་པ་ཡིན། གསུང་སྒྱུར་ཞུ་མཁན་གྲས་ནས་ང་ཕལ་ཆེར་རྙིང་ཤོས་རེད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་ང་རང་མིང་འདོན་གནང་སྟེ་ཨ་རིའི་གྲོས་ཚོགས་འོག་མས་ང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ལ་བསྐོ་གཞག་གནང་བ་རེད། ཕྲན་བསྟན་འཛིན་རྡོ་རྗེ་གལ་ཆེན་པོ་མ་རེད། ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་ཧ་ཅང་གཉེན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་པའི་མི་ཞིག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བསླེབས་ཐུབ་པ་དེ་ང་ཚོའི་གཟི་བརྗིད་རེད། ཅེས་གསུངས། དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།
ཚང་མར་བཀྲ་ཤིས་བདེ་ལེགས། ཟླ་བ་དྲུག་གི་ནང་ཚུད་ལ་ང་རང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་ཐེངས་གཉིས་བསླེབས་པ་ཡིན། དེ་རིང་སླར་ཡང་རང་ཉིད་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིགས་སློབ་མ་ལག་གཉིས་ནས་འཁོར་ལོ་གསུམ་གྱི་གཟེངས་བསྟོད་དེ་བཞིན་བསྟན་འཛིན་རྡོ་རྗེ་ལགས་ལ་འབུལ་རྒྱུའི་མཛད་སྒོར་དགའ་པོའི་ངང་བཅར་བ་ཡིན། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ནས་འཁོར་ལོ་གསུམ་གྱི་གཟེངས་བསྟོད་སྐོར་འགྲེལ་བཤད་ཟབ་རྒྱས་གནང་སོང་། འཁོར་ལོ་གསུམ་གྱི་གཟེངས་བསྟོད་ཕུལ་ས་དེ་རྩ་བ་ནས་ནོར་མི་འདུག གཞི་རྩའི་ཆ་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་གཙོས་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་དང་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་སྐུ་ལས་ཧ་ཅང་བསྐྱོན་ཏེ་རླབས་ཆེན་གྱི་གྲུབ་འབྲས་སྨིན་ཡོད།
དང་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་དགེ་རྒན་དང་སློབ་ཕྲུག་བརྩིས་པའི་མི་གྲངས་ ༢༥ དང་། ད་ལྟའི་ཆར་དགེ་ལས་སློབ་ཕྲུག་གྲངས་ ༥༥༥ ཡོད་གསུངས་སོང་། གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་དང་འགྲོ་མུས་ཡིན་པ་ཧ་ཅང་གསལ་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། ཤེས་རིག་ལས་ཁུངས། ཆོས་རིག་ལས་ཁུངས་བཅས་ནས་མཐུན་རྐྱེན་བསྐྲུན་དང་སྐྲུན་བཞིན་པ་རེད། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་འདི་བཞིན་བྱས་རྗེས་ཅན་གྱི་མཐོ་སློབ་ཅིག་ཆགས་ཀྱི་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཆགས་པ་དེ་ང་ཚོ་བོད་རིགས་སྤུན་ཟླ་ཚོས་དགའ་སྤོབས་བྱེད་དགོས་པ་ཞིག་རེད། དུས་རབས་ ༢༡ པའི་ནང་པ་བྱེད་རྒྱུ་གལ་ཆེན་པོ་རེད། འཛམ་བུ་གླིང་ནང་ཡ་རབས་བཟང་སྤྱོད་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་དེ་གལ་ཆེན་པོ་ཆགས་ཡོད། འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ནས་དཀའ་ལས་རྒྱག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
འཁོར་ལོ་གསུམ་གྱི་གཟེངས་བསྟོད་ངོ་སྤྲོད།
འཁོར་ལོ་གསུམ་ནི། རིགས་སློབ་མ་ལག་གཉིས་ཀྱི་ལས་དམ་ཡིན་ཞིང་། དེ་ཡང་རིགས་ལམ་སློབ་གཉེར་ཁང་གསར་འཛུགས་གནང་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་གཉིས་དང་། དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཐུགས་རེ་ལྔ་ཡོད་པ་བཞིན། རིགས་ལམ་སློབ་གྲྭ་འདིར་འཁོར་ལོ་གསུམ་ཡ་མ་བྲལ་བར་སློབ་སྦྱོང་བྱེད་དང་བྱེད་མུས་བཞིན། རིགས་ལམ་སློབ་གཉེར་ཁང་ནས་ཐོན་པའི་སློབ་ཟུར་རྣམས་བཤད་སྒྲུབ་འཁོར་ལོ་གསུམ་ལ་མཁས་པའི་ཁྱུ་མཆོག་འཛད་མེད་འབྱུང་བའི་རེ་འདུན་གནང་ཡོད་པས་ན། འདི་ལོ་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་གིས་གཙོས་སྤྱི་ཚོགས་ཐོག་བྱས་པ་གཟེངས་སུ་ཐོན་པའི་སློབ་ཟུར་བ་ཚོར་། དབུ་དགེ་དམ་པའི་དགོངས་གཞི་ལེགས་པར་བསྒྲུབས་པའི་ཆ་འཛིན་ཆེ་མཐོང་མཚོན་ཕྱིར་འཁོར་ལོ་གསུམ་གྱི་གཟེངས་བསྟོད་འདི་བཞིན་འབུལ་གཏན་འཁེལ་ཡོད་པ་རེད།
འཁོར་ལོ་གསུམ་གྱི་གཟེངས་བསྟོད་སྤྲོད་ཕྱོགས།
འཁོར་ལོ་གསུམ་གྱི་གཟེངས་བསྟོད་སྤྲོད་ཕྱོགས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་རིགས་ལམ་མ་ལགས་གཉིས་གསར་འཛུགས་གནང་བའི་དགོས་དམིགས་ལྟར། དང་པོ་ཚེ་དང་སྒྲུབ་པ་མཉམ་པའམ། ཡང་ན་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྤེལ་གཟེངས་སུ་ཐོན་པ། གཉིས་པ་བོད་ཀྱི་སྐད་ཡིག་རིག་གནས་འཛིན་སྤེལ་དང་། ཕྱི་ནང་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་སུ་ཐོན་པ། གསུམ་པ་ཆོས་འབྲེལ་ལོ་ཙཱ་དང་གསུང་སྒྱུར་ལས་དོན་གཟེངས་སུ་ཐོན་པ་གང་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་མ་འགལ་བའི་ཐོག་བྱས་པ་གཟེངས་སུ་ཐོན་པའི་སློབ་ཟུར་བར་དུས་མཚམས་སུ་འབུལ་རྒྱུ་བཅས་ཡིན་པ་རེད།
རིགས་སློབ་མ་ལག་གཉིས་ནས་འཁོར་ལོ་གསུམ་གྱི་གཟེངས་བསྟོད་ཕུལ་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། མཇུག་ཏུ་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །