ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༣ ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་རུ་གངས་ལྗོངས་དཔེ་སྐྲུན་ཁང་གི་ལས་དོན་གཟེངས་སུ་ཐོན་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་བསྐོང་ཚོགས་གནང་ཡོད།
ཨོ་སི་ཀྲི་ལི་ཡར་རྟེན་གཞི་བྱས་པའི་བོད་རྒྱ་དམངས་ཁྲོད་འབྲེལ་ལམ་སྐུལ་སྤེལ་ཚོགས་པ་ནས་ལོ་ལྟར་བོད་རྒྱ་མི་རིགས་གཉིས་བར་གྱི་དམངས་ཁྲོད་འབྲེལ་ལམ་གཟེངས་སུ་ཐོན་པའི་ཚོགས་པ་དང་མི་སྒེར་ལ་བྱ་དགའ་གནང་སྲོལ་ཡོད་པ་ལྟར་སྤྱི་ལོ་ ༢༠༡༩ ལོའི་སྐབས་བདུན་པའི་བྱ་དགའ་དེ་བཞིན་ཐེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་ལ་གནང་ཡོད་པ་རེད། ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡུའུ་ཧྲི་ཤིན་ལགས་ཀྱིས་གསུངས་དོན། ཐེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་ནས་ལོ་མང་རིང་དཀའ་ངལ་དང་གནོན་ཤུགས་ལ་གདོང་ལེན་བྱས་ཏེ་བོད་དོན་སྐོར་གྱི་རྒྱ་ཡིག་དཔེ་དེབ་མང་པོ་པར་སྐྲུན་གནང་ཡོད། དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་ལ་བདེན་དཔང་དང་། བོད་ནང་གི་ད་ལྟའི་གནས་བབ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། བོད་མིའི་མངོན་འདོད་མཚོན་པའི་དེབ་རིགས་མང་པོ་པར་སྐྲུན་གནང་ཡོད་པར་གཟེངས་རྟགས་ཕུལ་བ་ཡིན་ཞེས་སོགས་གསུངས། གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ལྕམ་ལཱེ་གཡུས་ཉཱིང་ལགས་ཀྱིས་ གཟེངས་ཐོན་བྱ་དགའ་གནང་བར་ཐུགས་རྗེ་ཆེ་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་སྟངས་འཛིན་འོག་དང་བླངས་ཞབས་ཞུ་བ་ཚོས་དཀའ་ལས་བརྒྱབ་པར་ཐུགས་རྗེ་ཆེ་སོགས་གསུང་བཤད་གནང་།
དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཐེ་ཝན་བོད་རྒྱ་མཐུན་ཚོགས་མཉམ་འབྲེལ་ཐོག་ ༼དངོས་བདེན། འབྲི་རྩོམ་དང་པར་སྐྲུན་༽ ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་བ་དང་དུས་མཚུངས། གངས་ལྗོངས་དེབ་ཕྲེང་ ༣༢ དང་ ༣༣ གཉིས་དབུ་འབྱེད་གནང་། ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy ལགས་ཀྱིས་གངས་ལྗོངས་དེབ་ཕྲེང་ ༣༢ ཏེ་༼༸གོང་ས་མཆོག་གིས་བོད་སྐོར་གླེང་བ་༽ ཞེས་པའི་དེབ་དབུ་འབྱེད་གནང་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རླབས་ཆེན་གྱི་མི་སྣ་ཞིག་དང་། འཇིག་རྟེན་འདིའི་སྟེང་གི་ཁྱད་ནོར་ཞིག་ཡིན་པས། ཁོང་བོད་དུ་ཕྱིར་ལོག་གནང་མི་འཇུག་པ་ནི་རྒྱ་ནག་ལ་གྱོང་གུན་ཞིག་རེད་སོགས་གསུངས། ཨ་རི་ནིའུ་ཡོག་གྲོང་ཁྱེར་སློབ་ཆེན་གྱི་དགེ་རྒན་སྐུ་ཞབས་ཞཱ་མཱིན་ལགས་ཀྱིས་བོད་མི་བཙན་རྒོལ་དང་བཙན་བྱོལ་དུ་ལོ་ངོ་དྲུག་ཅུ་འཁོར་བའི་དྲན་རྟེན་ཆེད་རྩོམ་བྲིས་གནང་བ་༼རི་མཐོ་ཆུ་གཙང་༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་གསུང་བཤད་གནང་།
དེ་ཉིན་གྱི་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཨ་རི་དང་། ཨོ་སི་ཀྲི་ལི་ཡ། ཐེ་ཝན་སོགས་ཀྱི་སློབ་གྲྭ་ཆེན་མོའི་དགེ་ཆེ་དང་། པར་སྐྲུན་ལས་རིགས་ཀྱི་འགན་འཛིན། རྩོམ་པ་པོ་སོགས་ནས་གཙོ་བོ་བོད་དོན་དང་འབྲེལ་བའི་རྩོམ་ཡིག་སྒྲོག་སྦྱང་གནང་ཁོངས། ཐེ་ཝན་ནང་རྒྱ་གར་ཞིབ་འཇུག་གི་མཁས་དབང་ཁྲིན་མཱུ་མཱིན་ལགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ངོ་སྤྲོད་གནང་སྐབས། ས་མཚམས་དེ་དོན་དངོས་ཐོག་བོད་དང་རྒྱ་གར་བར་གྱི་ས་མཚམས་ཡིན་ཞིང་། ལོ་རྒྱུས་བརྒྱུད་རིམ་ཐོག་ས་མཚམས་དེའི་ཆགས་སྟངས་སྐོར་བོད་དང་ཐད་ཀར་འབྲེལ་བ་ཡོད་པས། བོད་དང་རྒྱ་གར་བར་གྱི་ས་མཚམས་ཆགས་སྟངས་དང་འབྲེལ་ལམ་བྱུང་སྟངས་སྐོར་བོད་ཡིག་དང་། ཨིན་ཡིག་ཐོག་ཡོད་པའི་ལོ་རྒྱུས་ཡིག་ཆ་ཁག་ལ་ཉམས་ཞིབ་གནང་ཐུབ་ན། བོད་ཀྱི་ལོ་རྒྱུས་གནས་བབ་རང་བཞིན་གྱིས་གསལ་པོ་ཡོང་ངེས་ཡིན་གནས་སོགས་གསུང་བཤད་གནང་།
གཞན་ཡང་ཕྱི་ལོ་ ༢༠༡༩ ལོའི་ཐེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནང་གངས་ལྗོངས་དཔེ་སྐྲུན་ཁང་མཉམ་ཞུགས་ཀྱི་སྔོན་འགྲོའི་ལས་འགུལ་ཆེད། དེ་ཉིན་ཚོགས་ཁང་ནང་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་གངས་ལྗོངས་དེབ་ཕྲེང་ཁྱོན་གྲངས་ ༣༣ དང་། ཐེ་ཝན་དོན་ཁང་ནས་པར་སྐྲུན་གནང་བའི་ཀུན་གསལ་འོད་སྣང་དུས་དེབ་གྲངས་ ༣༣ དང་། ༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་གྲངས་ ༡༦ སོགས་དཔེ་དེབ་ཀྱི་འགྲེམས་སྟོན་ཡང་བཤམས་ཡོད་པ་བཅས།