༢༠༡༩ ཟླ་ ༡ ཚེས་ ༢༧ རེས་གཟའ་ཉི་མ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ཁ་སང་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་མདོ་སྨད་ས་གནས་རྒྱུན་ལས་ནས་གོ་སྒྲིག་ཞུས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་ངོ་སུམ་ཅུ་འཁོར་བའི་དགོངས་རྫོགས་དུས་དྲན་མཛད་སྒོར་དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་ཐོག་ཕེབས་འདུག
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་ཁྲི་འཛིན་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་བྱུང་གནས་མཆོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་སྣང་གསལ་ཞལ་ཕྱེ་གནང་བ་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་འདུག བཀའ་ཟུར་ཀིརྟེ་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས། རྒྱུད་སྨད་མཁན་ཟུར་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་བཅས་ཕེབས་འདུག
མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག མཁོ་ཆེན་རིན་པོ་ཆེ་མཆོག་བཅས་ཀྱི་གསུང་འཕྲིན། དེ་བཞིན་གདན་ས་བཀྲ་ཤིས་ལྷུན་པོ་བཅས་ཀྱི་གསུང་འཕྲིན་སྐུ་ཚབ་རྣམ་པ་ཚོས་སྒྲོགས་སྦྱང་ཞུས།
སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་ཁྲི་འཛིན་མཆོག་གི་བཀའ་སློབ་སྙིང་དོན་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་ལ་ཐུགས་ཁུར་ཆེ་བཞེས་གནང་ཡོད་ལ་ལྷག་པར་དུ་དཔལ་ས་སྐྱའི་གདན་སར་མཛད་པ་རྒྱ་ཆེན་པོ་བསྐྱངས་ཡོད་པའི་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་དམིགས་བསལ་སྐུ་ངལ་ཚད་མེད་སྐྱོན་གནང་ཡོད་སྐོར་གསུངས།
དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ཁྲོད་བོད་ཀྱི་ཆོས་དང་ཆབ་སྲིད་གཉིས་ཀའི་ཐོག་སྐུ་ངལ་ཚད་མེད་སྐྱོན་གནང་བ་དང་། རྒྱ་ནག་གཞུང་གི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་འོག་ནས་མཐར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་དང་། ཁོང་དགོངས་པ་རྫོགས་པ་དེས་བོད་དང་རྒྱ་ནག་གཉིས་དབར་དང་། གཞིས་བྱེས་བོད་མིའི་དབར་འབྲེལ་ལམ་མཐུད་མཁན་གཙོ་བོ་ཞིག་མེད་པར་གྱུར་སྐོར་སོགས་གསུངས།
ཕྱོགས་མཚུངས་ཆོས་རིག་བཀའ་བློན་མཆོག་ནས་ཀྱང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཇིག་རྟེན་དུ་བྱོན་པའི་དུས་སྐབས་སུ་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གཉན་འཕྲང་ཆེ་ཞིང་འཁྲུག་ཟིང་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཆགས་པ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་བའི་དུས་སྐབས་ཤིག་ཡིན་པ། དུས་སྐབས་དེ་འདྲ་ཞིག་གི་འོག་ནས་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལས་གྲོལ་ཐབས་སུ་བོད་ས་མ་ཤོར་གོང་ནས་དུས་བསྟུན་ཆབ་སྲིད་བཅོས་བསྒྱུར་ཇི་དགེ་མཛད་ཐབས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་སྐོར།
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་བོད་བསྟན་སྲིད་མི་རིགས་སྤྱིའི་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་ཐོག་རྒྱ་ནག་དམར་པོའི་སྲིད་གཞུང་དང་ཕྱོགས་ཡོངས་ནས་བསྟུན་མཁས་གང་ཐུབ་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་མུ་མཐུད་མཐོང་ཆུང་ཁྱད་གསོད་དང་། བོད་མིའི་ཐོག་བག་ཚ་སྤུ་ཙམ་མེད་པར་དམ་བསྒྲགས་དང་། དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། ཡིད་ཐང་ཡོངས་སུ་ཆད་དེ་མཐར་ ༡༩༦༢ ལོར་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡིག་འབྲུ་ཁྲི་བདུན་ཞེས་པའི་ཞུ་སྙན་དེ་མ་ཕུལ་ཐབས་མེད་ཆགས་ཡོད་སྐོར་དང་། དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ལོ་བཅུ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་ནན་པོ་བཅད་པ་དང་། ལོ་ལྔའི་རིང་བཟང་བཙོན་འོག་བཅུག་པ་དང་།
མཐར་ཕྱི་ལོ་ ༡༩༨༢ ལོར་པཎ་ཆེན་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་ཡོད་ཀྱང་ཕྱི་ལོ་ ༡༩༨༩ ལོར་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་པ་དང་། བར་དེར་སྐུ་འཚོ་བཞུགས་རིང་བོད་བསྟན་སྲིད་མི་རིགས་སྤྱི་དང་། ལྷག་པར་བོད་ཀྱི་སྐད་ཡིག་ཟུར་གསལ་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ཐུགས་བརྩོན་ཡོད་རྒུ་རྩལ་དཀྲུག་གནང་འབྲས་སུ་བོད་ཆོལ་གསུམ་སྤྱི་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་བོད་ཀྱི་སྐད་ཡིག་དང་ཆོས་རིག་སླར་གསོའི་ལས་དོན་ཐོག་དོ་སྣང་དང་འབད་བརྩོན་གྱི་རྦ་རླབས་གསར་པ་ཞིག་ཕྱུར་བཞིན་པ་མཐོང་ཆོས་སུ་ཡོད་སྐོར་སོགས་གསུངས།
ཉིན་རྒྱབ་ཆོས་རིག་བཀའ་བློན་མཆོག་ནས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། སྨིན་གྲོལ་གླིང་། བཀའ་བརྒྱུད་དགོན་བཅས་སུ་འཚམས་གཟིགས་གནང་ཡོད་པ་བཅས།