ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༅༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་དང་། དེ་བཞིན་ཕྱི་ཚེས་ ༢༠ ནས་ ༢༤ བར་དབུ་མ་སྙིང་པོའི་གསུང་ཆོས་བཅས་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་འཁེལ་བ་ལྟར། ཆོས་ཞུ་བ་ཡོངས་ཀྱིས་རྣམ་ཀུན་བཞིན་སྔོན་ཚུད་ནས་ཕྱག་འཁྱེར་བཞེས་དགོས།
གསུང་ཆོས་ཞུ་བར་ཕེབས་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ཀྱིས་ན་བཟའ་ཚུལ་མཐུན་བཞེས་དགོས་རྒྱུ་དང་། ཆོས་རྭའི་ནང་ཕྱག་དཔེ་དང་། མཆོད་ཞལ། བཞུགས་གདན་འཁྱེར་ཆོག་ཀྱང་། དགོས་མེད་ཀྱི་ལག་ཐོག་ཁ་པར་དང་པར་ཆས་སོགས་གློག་ཆས་རིགས་དང་། གྲི། ཙག་སྒྲ་སོགས་མཚོན་ཆ་རིགས་བསྣམས་མི་ཆོག་པས་སྔོན་ཚུད་ནས་ཐུགས་སྣང་དང་འབྲེལ་ཕྱར་གྲུ་མཉམ་འདེགས་གནང་གལ། དེ་བཞིན་རྣམ་ཀུན་ལྟར་དོལ་རྒྱལ་བསྟེན་གསོལ་བྱེད་མིའི་རིགས་གསུང་ཆོས་ལ་བཅར་མི་ཆོག་པ་བཅས་དེ་དོན་ཚང་མས་དགོངས་འཇགས་ཡོང་བའི་བརྡ་ཐོར།
གསུང་ཆོས་ཕྱག་འཁྱེར་ཞུ་བདེའི་སླད་དྲ་རྒྱ་ “www.dalailamateaching.com” སྒོ་ཕྱེ་ཡོད་ན་དེ་ལུགས་ཐུགས་སྣང་ཡོང་བ་ཞུ། དྲ་རྒྱའི་ནང་ཐོ་འགོད་གནང་གྲུབ་རྗེས་དྲ་ཐོག་བཀང་བའི་འགེངས་ཤོག་ངོ་བཤུས་དང་། སོ་སོའི་ངོ་སྤྲོད་ཡིག་ཆ་ (Passport/Aadhaar Card/Voter ID/Green Book/RC) བཅས་གང་རུང་མཉམ་འཁྱེར་ཐོག་རྡ་ས་མེ་གྷན་བདེ་སྲུང་ཡན་ལག་ལས་ཁང་དུ་ངོ་བཅར་གྱིས་ཕྱག་འཁྱེར་བཞེས་དགོས། གལ་ཏེ་ཆོས་ཞུ་བ་སུ་ཞིག་ནས་དེ་སྔ་གསུང་ཆོས་ཕྱག་འཁྱེར་ཞུས་ཡོད་ཚེ་དེ་སྔའི་གསུང་ཆོས་ཕྱག་འཁྱེར་ཨང་རྟགས་(ID)ཐོག་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་གསར་པ་བཞེས་ཆོག དྲ་རྒྱ་བེད་སྤྱོད་གཏོང་མི་ཤེས་མཁན་རིགས་ནས་དོ་བདག་ངོ་བཅར་གྱིས་དེ་སྔ་བཞིན་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ ལ།
ཕྱག་འཁྱེར་འབུལ་ཡུལ། མེ་གྷན་བདེ་སྲུང་ཡན་ལག་ལས་ཁང་།
ཕྱག་འཁྱེར་འབུལ་ཚེས་། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༢ ཉིན་ནས་བཟུང་།
དོགས་འདྲི་ཡོད་ཚེ་གཤམ་གསལ་གློག་འཕྲིན་དང་ཁ་པར་བརྒྱུད་འབྲེལ་བ་གནང་དགོས།