ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་པ་དང༌། དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས།
ལོ་གཉིས་བསྟུད་མར་དགུན་ཚོང་བརྒྱག་མཁན་ཚོར་འཚོ་རྟེན་རོགས་སྐྱོར་ལས་གཞི་ཚགས་ཚུད་གང་ལེགས་བྱུང་ཡོད་པ་ལྟར། བཀའ་ཤག་གི་དམིགས་བསལ་སྲིད་བྱུས་ལམ་སྟོན་འོག་དཔལ་འབྱོར་ལས་ཁུངས་ཀྱི་སྡེ་ཚན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་འབད་འབུངས་གནང་འབྲས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༣ ཉིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་བསྩལ་ཐོབ་བྱུང་ཡོད། རྒྱ་གར་དང་རྒྱལ་སྤྱིའི་ཁྲོམ་རྭ་ཁག་གི་ནང་བཙན་བྱོལ་བོད་མི་དང་སྤྱི་ཚོགས་ཀྱི་གནས་བབ་ཡར་རྒྱས་གཏོང་སླད་ཁེ་ཡོད་ཀྱི་ལས་འཆར་ཆེ་འབྲིང་ཆུང་གསུམ་གང་དགོས་སྤེལ་ཆོག མ་འོངས་པར་བསྟི་གནས་འདི་བཞིན་དངུལ་ཁང་ཞིག་ཏུ་བསྒྱུར་རྒྱུའི་དམིགས་ཚད་འཛིན་བཞིན་ཡོད། འདི་ལོར་དབྱར་ཚོང་གནང་མཁན་ས་གནས་ཁག་ ༡༣ ནང་ཡོད་པའི་བོད་མི་གྲངས་ ༦༠༠ ཙམ་ལ་ཧིན་སྒོར་ས་ཡ་ ༡༢༠ དབྱར་ཚོང་རོགས་སྐྱོར་ལས་གཞི་གསར་པ་ཞིག་ཕྱི་ཟླ་ ༢ ནས་ས་གནས་འགོ་འཛིན་བརྒྱུད་ལག་བསྟར་ཞུ་གཏན་འཁེལ་ཡོད། དགུན་ཚོང་ལྟར་ལས་གཞི་འདི་ཡི་བོད་མི་སྤྱི་སྒེར་སོ་སོའི་འཚོ་བར་དམིགས་བསལ་ཕན་ཐོགས་ཡོང་ངེས་ཡིན་ན་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ ལ།