ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །སུད་སུ་སྐུ་ཚབ་དོན་ཁང་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཞུགས་སྒར་རྡ་ས་གངས་སྐྱིད་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གཅིག་དང་རྡ་ས་ཁུལ་གྱི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། བོད་གནས་ལྟ་ཞིབ་ལས་ཁུངས་བཅས་ཀྱི་ལས་བྱེད་བཅས་ཁྱོན་མི་གྲངས་ ༢༥ ཙམ་ལ་བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་ཚོགས་སྡེ་ཞེས་པའི་བརྗོད་གཞི་ཐོག་ཟབ་སྦྱོང་ཞིག་ཚོགས་སོང་།
ཟབ་སྦྱོང་སྤྲོད་མཁན་སུད་སི་ནས་ཡིན་པའི་ཁྲིམས་ལུགས་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་ཆེད་མཁས་སྐུ་ཞབས་ཛོ་ལར་ Mr.Adrien Claud Zoller ལགས་དང་། ཁྲིམས་ལུགས་ཐོག་ཆེད་མཁས་ལྕམ་ཁོན་ཊ་ཊི་ Mrs. Marguerite Contat ལགས། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཐོག་ཆེད་མཁས་སྐུ་ཞབས་ལ་ཌོར་ Mr.Yves Lador ལགས། ཧ་ཝ་ཡི་ Hawaii ནས་ཡིན་པའི་ཁྲིམས་རྩོད་པ་དང་རྩོམ་པ་པོ་སྐུ་ཞབས་ཁོ་པར་ Mr. Joshua Cooper ལགས་བཅས་རེད།
དེ་ཡང་ཟབ་སྦྱོང་གི་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཟབ་སྦྱོང་སྤྲོད་མཁན་རྣམས་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ། ཟབ་སྦྱོང་ཐོག་མཉམ་ཞུགས་པ་ཡོངས་ལ་ཕེབས་བསུའི་གསུང་བཤད་གནང་སོང་། དེ་རྗེས་མཉམ་ཞུགས་པ་རེ་རེ་ནས་སོ་སོའི་སྐོར་ངོ་སྤྲོད་དང་རེ་བ་ཅི་ཞིག་བཅངས་ནས་ཟབ་སྦྱོང་སྟེང་མཉམ་ཞུགས་གནང་བའི་སྐོར་གསུངས་པ་དང་སྦྲགས། ཟབ་སྦྱོང་གི་ཉིན་དང་པོ་དངོས་སུ་དབུ་འཛུགས་གནང་།
ཟབ་སྦྱོང་འདི་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ ཉིན་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༧ བར་མུ་མཐུད་འཚོགས་གནང་རྒྱུ་དང་། ཟབ་སྦྱོང་གཙོ་སྐྱོང་བ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཡིན་པ་བཅས། །