༢༠༡༩ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་དྲིལ་ལས་ཁུངས་ཀྱི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ཚན་པས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ ཉིན་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་བོད་མི་ཉི་ཤུ་རྩ་ལྔར་རྒྱལ་ཁབ་བདེ་འཇགས་ལ་གཙེས་བའི་ཉེས་མིང་འོག་འཛིན་བཟུང་ཁྲིམས་ཆད་བཅད་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་དྲ་རྒྱ་གོ་ལའི་དུས་བབ་ Global Times ཟེར་བས་གནས་ཚུལ་སྤེལ་འདུག
གནས་ཚུལ་དེ་དག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་བདུན་ཕྲག་སྔོན་མའི་ནང་ཚོགས་སྐབས་སྙན་ཐོ་ཞིག་བཏོན་པའི་ནང་འཁོད་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་ཟེར་བ་ཁོ་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུའི་ནང་། བོད་ཕྱི་ནང་དུ་ཡོད་པའི་ “ཁ་བྲལ་ལས་འགུལ་བ་” ཚོར་དམ་བསྒྲགས་དང་རྒོལ་རྡུང་བཏང་ཡོད་ཅེས་བཤད། དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་གོ་དགོས། ཕྱི་ལོ་ ༢༠༡༨ ཟླ་ ༢ ནང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ “ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་”ཟེར་བ་བསྒྲགས་འདུག
ཐེར་འདོན་གོང་ཞུའི་ནང་དོན་དོན་ཚན་ ༢༢ ཡོད་པ་དང་། དེའི་ནང་་”ཏཱ་ལའི་རུ་ཚོགས་དང་ཕན་ཚུན་ངན་འབྲེལ་ཟེར་བ་དང་། མང་ཚོགས་ཀྱི་ཁྲོད་དུ་དབུ་མའི་ལམ་ཁྱབ་སྤེལ། ད་དུང་ཕྱི་རྒྱལ་གྱི་དགྲར་འཛིན་སྟོབས་ཤུགས་ཀྱི་མགྲིན་ཚབ་པ་བྱེད་པ་ལ་སོགས་བསྟན་འདུག
གོང་འཁོད་ཁྲིམས་ཆད་ཕོག་པའི་བོད་མི་ཉི་ཤུ་རྩ་ལྔ་ལྟ་བུ་བོད་མི་སུ་ཞིག་གིས་བོད་ནང་རང་དབང་དགོས་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུས་པ་སོགས་བྱས་ཚེ་རྒྱ་ནག་གཞུང་གིས་ཁ་བྲལ་ཉེས་མིང་འོག་ཁྲིམས་ཆད་གཅོད་བཞིན་ཡོད། དཔེ་མཚོན་གཞན་ཞིག་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་གིས། བོད་མི་ཚོར་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡོད་པ་གསལ་འདོན་བྱེད་སྐབས་རྒྱ་ནག་གཞུང་གིས་ཁོང་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་སྔ་ལོའི་ཕྱི་ཟླ་ ༥ ནང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་ལྔའི་རིང་དུས་བཀག་བཙོན་འཇུག་བྱས་ཡོད།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ལྟ་སྲུང་ཇི་ཙམ་བྱས་ཀྱང་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་མུ་མཐུད་ཞི་རྒོལ་རྔམ་སྟོན་བྱེད་བཞིན་ཡོད། སྔ་ལོ་ཕྱི་ཟླ་ ༤ ནང་བོད་རང་སྐྱོང་ལྗོངས་དབང་འཛིན་པ་ཚོས་འབྲི་རུ་རྫོང་གི་བོད་མི་ ༣༠ ཐོག་དམ་བསྒྲགས་བཀག་སྡོམ་དང་། དཔུང་ཤེད་བྱས་པ་སོགས་བྱས་ཡོད། བོད་མི་དེ་དག་གིས་ཞི་རྒོལ་རྔམ་སྟོན་བྱེད་དགོས་དོན་ནི། རྒྱ་ནག་གཞུང་གིས་ཁུལ་དེར་སེབ་ཁྲ་རྫ་རྒན་ཞེས་པའི་གནས་རིར་གཏེར་ཁ་སྔོན་འདོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པར་བརྟེན་རེད་འདུག
གནས་ཚུལ་དེ་མ་བྱུང་གོང་དམར་སྐོར་གྲོང་ཚོའི་འགོ་པ་ཀརྨ་ཞེས་པ་ཁོང་གིས་གནས་རི་དེར་གཏེར་ཁ་སྔོག་འདོན་ཆོག་པའི་ཆོག་མཆན་མ་སྤྲད་པར་བརྟེན་རྒྱ་ནག་གཞུང་གིས་དོ་དམ་བཀག་སྐྱིལ་བྱས་འདུག བོད་མི་དེ་དག་གི་གནས་སྟངས་གང་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་གནས་ཡོད། དེའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ཁ་པར་དང་དྲ་རྒྱ་སོགས་བརྒྱུད་ལམ་ཚང་མར་དམ་བསྒྲགས་ཧ་ཅང་བྱས་པར་བརྟེན་ཡིན་འདུག རྒྱ་ནག་གཞུང་གིས་བཤད་པའི་བོད་མིའི་གྲངས་འབོར་དེ་ལས་མང་བ་འཛིན་བཟུང་བཀག་སྡོམ་བྱས་ཡོད་སྲིད་པར་བརྟེན་སེམས་འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། ཅེས་འཁོད།
རྩོམ་ཡིག་ཨིན་ཡིག་ནས་བོད་ཡིག་ཚན་པས་བསྒྱུར།