ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྐབས་ ༡༣ མི་རིགས་དང་ཆོས་ལུགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་ ༡༥༠༠༠༠ ལྷག་ཙམ་རྒྱ་གར་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ད་བར་མི་ལོ་ ༦༠ འཁོར་བཞིན་ཡོད། འོན་ཀྱང་གཞིས་སུ་གནས་འཁོད་བོད་མི་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་གི་གདུག་རྩུབ་མནར་གཅོད་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད།

སྐུ་ཞབས་ཡང་ཅིས་ལི་ཡིས།
འོན་ཀྱང་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅང་ཐོག་འཇིགས་ཞུམ་མེད་པའི་་སྒོ་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད་པ་མ་ཟད། ད་བར་བོད་ནང་དུ་མཚོན་ན་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་བ་དང་། དེ་ཡང་བོད་མི་དེ་དག་ཕལ་མོ་ཆེའི་མངོན་འདོད་གཙོ་བོ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་མྱུར་དུ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་བཅས་ཡིན།
རྒྱ་ནག་གཞུང་ལ་དགོས་རྒྱུ་ནི་བོད་དང་བོད་ཀྱི་གཏེར་ཁ་བཅས་ཡིན་པ་མ་གཏོགས་བོད་མི་དེ་དག་མི་དགོས་པ་རེད། དེར་བརྟེན་བོད་མིའི་མངོན་འདོད་དང་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་ཧ་ཅང་གསལ་པོ་རེད། དེ་ལྟར་ནའང་བོད་ཀྱི་གནད་དོན་གསལ་སླད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་མི་རྣམས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཐོབ་ཐབས་བྱེད་བཞིན་ཡོད། ཅེས་སོགས་གསུངས།
དེ་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་དང་། སྐུ་ཞབས་ཁི་རི་སི་སི་མིཐ་ Chris Smith མཆོག སྐུ་ཞབས་ Jamie Raskin མཆོག་བཅས་གསུམ་དང་། ཨ་རིའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ Carl Greshman མཆོག་སོགས་ཀྱིས་གསུང་བཤད་གནང་ཡོད།
སྤྱིར་ལྷན་ཚོགས་དེ་སྤྱི་དམངས་ནུས་སྟོབས་ཚོགས་པའི་ Citizen Power Initiatives for China འགན་འཛིན་ཡང་ཅིས་ལི་ཡིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་དང་ཆོས་ལུགས། རིག་གཞུང་འདྲ་མིན་གྱི་སྐུ་ཚབ་དབར་ཕན་ཚུན་བསམ་ཤེས་ནུས་པ་གོང་སྤེལ་དང་། བརྩི་བཀུར་སོགས་གོང་མཐོར་གཏོང་རྒྱུའི་ཆེད་ཡིན་འདུག་པ་བཅས། །